ཀྲུང་གོའི་བོད་ལྗོངས་དྲ་བ་ཟེར་བ་ན་འདི་ལྟར་བཤད་འདུག
ཟླ༨པའི་ཚེས༩ཉིན་པར་དུ་བསྐྲུན་པའི《རྒྱལ་ཁམས་བསྐོར་བའི་དུས་ཚགས》སྟེང་བཀོད་པའི་གནས་ཚུལ་ལྟར་ན། ཚེས༨ཉིན་ཧྭ་ཧྥའོ་སློབ་ཆེན་ནས་ཐོན་པའི་བློ་བཟང་སེང་གེ་ཡིས་རྒྱ་གར་གྱི་རྡ་རམ་ས་ལ་ནས་ཡུལ་གྱར་བོད་མི་སྲིད་གཞུང་གི་བཀའ་བློན་ཁྲི་བ་“ཙུང་ལི”ཡི་འགན་བཞེས་རྒྱུའི་དམ་བཅའ་བཞག་པ་རེད། ཁོས་འགན་བཞེས་དམ་བཅའ་ཁྱབ་བསྒྲགས་བྱས་རྗེས། བོད་ལྗོངས་དེ་ཉིད་ཀྲུང་གོའི་མི་སེར་སྤེལ་བའི་རིང་ལུགས་ཀྱི་དབང་བསྒྱུར་ལས་སྐྱོབ་རྒྱུ་དང༌། མུ་མཐུད་ནས་ཀྲུང་གོར་གྲོས་མོལ་བྱས་ཏེ་“རང་སྐྱོང་ངོ་མ་”མངོན་འགྱུར་བྱེད་རྒྱུ་ཡིན་ཚུལ་བརྗོད་པ་རེད།
ཀྲུང་གོ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་དཔོན་མིས་སྔ་མོ་ནས་བཤད་རྒྱུར། ཡུལ་གྱར་བོད་མི་སྲིད་གཞུང་གིས་བདམས་ཐོན་བྱུང་བའི་བཀའ་བློན་ཁྲི་བ་ཞེས་པ་དེར་ཀྲུང་གོ་སྲིད་གཞུང་བར་དང་གྲོས་མོལ་བྱེད་པའི་ཐོབ་ཐང་མེད་ཅེས་བསྒྲགས་མྱོང༌། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ལིན་ཞིང་མེང་གིས་ཚེས༨ཉིན་《རྒྱལ་ཁམས་བསྐོར་བའི་དུས་ཚགས》ལ་འདི་སྐད། ཡུལ་གྱར་བོད་མིའི་སྲིད་གཞུང་ནི་ཁྲིམས་དང་མི་མཐུན་པའི་ཚོགས་པ་ཞིག་ཡིན་ཞིང༌། རྒྱལ་ཁབ་གང་ཞིག་གིས་ཀྱང་དེའི་ཁྲིམས་མཐུན་རང་བཞིན་ཁས་ལེན་བྱེད་ཀྱིན་མེད། བློ་བཟང་སེང་གེ་ཚོགས་པ་དེའི་འགན་འཁུར་བ་ཡིན་པའི་ཆ་ནས་ཁོས་བཤད་པའི་གཏམ་གང་ལ་ཡང་ཁྲིམས་མཐུན་གྱི་བྱེད་ནུས་ཅི་ཡང་མེད་པ་མ་ཟད། ཀྲུང་གོ་ཀྲུང་དབྱང་སྲིད་གཞུང་བར་གྲོས་མོལ་བྱེད་པའི་བླང་བྱ་ལ་གནས་ལུགས་དང་ཐོབ་ཐང་ཅི་ཡང་མེད་ཟེར།
ཚེས༨ཉིན་ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་བསྒྲགས་པ་ལྟར་ན། ཉིན་དེར་ཏཱ་ལའི་བླ་མས་རྒྱ་གར་རྡ་རམ་ས་ལར་ཡོད་པའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་བློ་བཟང་སེང་གེ་བོད་མི་སྲིད་གཞུང་གི་བཀའ་བློན་ཁྲི་བར་བསྐོ་བཞག་གི་མཛད་སྒོར་འགོ་འཛིན་གནང་ཞིང༌། བློ་བཟང་སེང་གེ་ཉིད་དུས་དེ་ནས་བཟུང་ཡུལ་གྱར་བོད་མི་སྲིད་གཞུང་གི་ལོ་རྒྱུས་སུ་ཆབ་སྲིད་ཀྱི་དབང་ཤུགས་ཏཱ་ལའི་བླ་མ་ལས་ཀྱང་ཆེ་བའི་མི་ཞིག་ཏུ་གྱུར་པ་རེད། ད་ལོའི་ཟླ་༤བར་བློ་བཟང་སེང་གེ་བཀའ་བློན་ཁྲི་བའི་བདམ་བྱའི་འོས་མིར་བདམས། ད་ལོར་ལོ་༤༣ཡིན་པའི་ཁོ་རང་ལ་མཚོན་ན་བོད་ལྗོངས་ཀྱི་ས་ཐོག་ཏུ་ཐོན་མྱོང་མེད་པ་རེད།
ཚེས༨ཉིན་ཧྥ་རན་སིའི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། བློ་བཟང་སེང་གེ་ཡིས་འགན་བཞེས་ཀྱི་གཏམ་བཤད་ནང་དུ། ཏཱ་ལའི་བླ་མ་ལོ་ན་བགྲེས་ཤིང་ལུས་ཀྱིས་མི་ལྕོགས་པ་དེས་ཡུལ་གྱར་བོད་མིའི་བྱ་འགུལ་མཇུག་རྫོགས་མི་སྲིད། ང་རང་ཉིད་ཀྱི་བདམས་ཐོན་ནི་ཀྲུང་གོ་སྲིད་གཞུང་གི་མཁྲེགས་འཛིན་མཁན་དེ་དག་ལ་བརྡ་རྟགས་གསལ་བོ་ཞིག་བརྒྱབ་པ་ཡིན་ཏེ། ཡུལ་གྱར་བོད་མིའི་འགོ་ཁྲིད་རིམ་པ་ད་དུང་སྔར་བཞིན་གནས་ཡོད། བོད་ལྗོངས་ལ་“རང་དབང་”ཐོབ་པའི་བར་དུ་ཡུལ་གྱར་བྱ་འགུལ་སྔར་བས་ཤུགས་དྲག་ཏུ་གཏོང་ངེས། ཞེས་དང༌། ཡང་ཁོ་བོས་དུས་ནམ་ཡིན་རུང༌། ས་གང་ཡིན་རུང་ཀྲུང་གོ་སྲིད་གཞུང་ལ་གྲོས་མོལ་བྱེད་པར་མོས་པ་ཡོད་ཅེས་ནན་གྱིས་བསྟན། ཚེས༨ཉིན་ཧྥ་རན་སིའི་གསར་འགྱུར་ཁང་གིས། བློ་བཟང་སེང་གེ་ཡི་ལོ་ཚོད་དང་སྔོན་ཆད་བོད་ཀྱི་ན་གཞོན་ཚོགས་པའི་ཁོངས་མི་ཡིན་པའི་ཐོབ་ཐང་ལ་ཕྱི་རོལ་གྱིས་ཚོད་དཔག་བྱས་ན། ཁོས་ཐལ་དྲགས་པའི་བྱེད་ཐབས་སྤྱད་དེ་བོད་ལྗོངས་རྩ་བ་ནས་“རང་བཙན”བྱེད་པར་བརྩོན་སྙེག་བྱེད་སྲིད་པ་ཡིན་ཞེས་བསྒྲགས་པ་རེད།
ལིན་ཞིང་མེང་གིས་འདི་སྐད། བློ་བཟང་སེང་གེ་ཡིས་བཤད་པའི་ཀྲུང་གོས་བོད་ལྗོངས་སུ་མི་སེར་སྤེལ་བའི་དབང་བསྒྱུར་ལག་བསྟར་བྱས་ཡོད་ཅེས་པ་དེ་ནི་ཏཱ་ལའི་ཤོག་ཁག་གིས་དུས་ཡུན་རིང་པོར་བཤད་པའི་ཚིག་རོའི་བཤད་ཡམས་དེ་ཡིན་པས་དོན་སྙིང་ཅི་ཡང་མེད། ཡུལ་གྱར་བོད་མི་སྲིད་གཞུང་གིས་ད་ལོར་ཏཱ་ལའི་བླ་མ་ལས་འཁྱུར་ངལ་གསོ་བྱས་པའི་དོན་དག་ཇེ་ཆེར་བཏང་ཡོད་ན་ཡང༌། ཏཱ་ལའི་བླ་མའི་བྱེད་སྟངས་ལ་བལྟས་ན་ལས་འཁྱུར་བྱས་ཀྱང་ངལ་གསོ་བྱས་མེད་པ་དང༌། བློ་བཟང་སེང་གེ་ནི་ཏཱ་ལའི་བླ་མས་ཁ་ལོ་བསྒྱུར་བའི་མི་སྣ་ཞིག་ཡིན། དེ་སྔོན་ཏཱ་ལའི་བླ་མས་ཁོ་རང་འཁྲིད་དེ་ཨ་རི་སྲིད་འཛིན་ཨོ་པཱ་མ་ལ་ཐུག་འཕྲད་བྱས་ལ། དེ་ལས་ཏཱ་ལའི་བླ་མས་ཡུལ་གྱར་སྡེ་ཚོགས་ཀྱི་དབང་ཆ་ཚོད་འཛིན་བྱས་ཡོད་པ་གསལ་བོར་མཐོང་ཐུབ།
ཉིན་དེར་དབྱིན་ཇིའི་《ཉིན་རེའི་གློག་འཕྲིན་ཚགས་པར》གྱིས། བློ་བཟང་སེང་གེ་ཡི་རིག་གཞུང་རྒྱབ་ལྗོངས་གཟེངས་སུ་ཐོན་ཡོད་ན་ཡང༌། འཕྲད་སྲིད་པའི་འགྲན་རྩོད་ཧ་ཅང་ཆེ་ཞེས་བསྒྲགས་ཡོད། ཡུལ་གྱར་བོད་མི་སྲིད་གཞུང་ལ་རྒྱལ་ཕྱིའི་སྲིད་གཞུང་གང་གིས་ཀྱང་ཁས་ལེན་བྱས་མེད། གལ་ཏེ་རྗེས་ཕྱོགས་ཏཱ་ལའི་བླ་མའི་སྣེ་འཁྲིད་མེད་གྱུར་ན། ཡུལ་གྱར་བོད་མིའི་མིག་ནང་དུ་སྲིད་བསྒྱུར་གྱི་ཐོབ་ཐང་ཡོད་མེད་ལའང་ཐེ་ཚོམ་པར་འགྱུར་བ་མ་ཟད། བློ་བཟང་སེང་གེ་ཡི་མདུན་ལམ་ག་འདྲ་ཞིག་ཡིན་པའང་བཤད་དཀའ་ཞིག་རེད།