འཁྱག་སོབ་སོབ་ཀྱི་ནམ་ཟླ།
འགྲེལ་མི་ཤེས་པའི་སྒྲ་དབྱངས་འདི་གཉིས་བར་ན་
ངས་འཁྱག་སོབ་སོབ་ཀྱི་ནམ་ཟླར་མྱོང་ཞོར
རང་གཅིག་པུ་ཁེར་འདུག་ཞིག་བྱེད་དེ
རང་ཉིད་ཀྱི་འགྲམ་པ་རང་ཉིད་ཀྱི་སྐྱོར་ནས་བསྡད།
༢
འཁྱག་སོབ་སོབ་ཀྱི་ནམ་ཟླ་དེ་
འཁྱག་སོབ་སོབ་ཀྱི་གཏམ་རྒྱུད་ན་མངོན་བྱུང་
དུས་དེར་ སྐད་ངག་གི་འགྱུར་ཁུག་འཐེན་སྟངས་རེ་རེས
དྲན་ཡུལ་ལས་འདས་པའི་སྒྲུང་གཏམ་རེ་རེ་དྲངས་
གཏམ་རྒྱུད་དེ་དག་འཐུང་ཐེངས་རེ་རེ་ལ
ཨ་རག་གི་བཟི་སྣང་གསོན་པོ་ཞིག་རང་ཉིད་ལ་བབ་སོང་
༣
འཁྱག་སོབ་སོབ་ཀྱི་ནམ་ཟླ་འོག་ན
ངས་འབྲི་མོ་འཇོ་མཚམས་བཞག་རྗེས
ལྷས་རའི་འདབས་ནས་རི་སྐེད་ལ་ཅེར་ཞོར
ཇག་ལ་སོང་པའི་ཕ་ཁུའི་གཏམ་རྒྱུད་དེ་འཐུང་
གཏམ་རྒྱུད་དེ་དག་བཏུང་རྗེས་ ང་ལ་སྨྲ་མི་ཤེས་པའི་སེམས་འགྱུ་འབར
༤
སེམས་འགྱུ་འདི་ཡི་ཁྲོད་ན་
སླར་ཡང་འཁྱག་སོབ་སོབ་ཀྱི་ནམ་ཟླ་མངོན་བྱུང་ལ
བཞུར་ཟིན་པའི་ངོ་གདོང་མང་པོས་
བརྗོད་ལས་འདས་པའི་ཞབས་རྗེས་གླེང་བཞིན
རང་ཉིད་ཀྱིས་བདེན་དཔང་རང་ཉིད་ཀྱིས་བྱས་སོང་
དུས་དེར་ འཁྱབ་སོབ་སོབ་ཀྱི་ནམ་ཟླའི་དྲག་འཚུབ་ཀྱིས་
ངས་རོལ་དབྱངས་ཀྱང་བཀྲོལ་མཚམས་ཀྱང་བཞག་དགོས་ཁེལ་ཐལ
༥
འཁྱག་སོབ་སོབ་ཀྱི་ནམ་ཟླ་འོག་ན་
ལྷས་རའི་འདབས་ནས་བཞུར་པའི་ཆུ་ཕྲན་གྱི་འགྲམ་དུ
ངས་སྟོད་ཐུང་མར་འཕུད་ནས་སྒལ་བར་ཉི་མར་བསྲོ་བཞིན་
ཁ་ལ་གོམས་པའི་འདོན་པ་དེ་ཡི་ངོས་གཞན་ནས་ཚར་གཅིག་བཀླགས
ཨོ་་་ད་ཐེངས་ངས་གཞི་ནས་འདོན་པའི་རྒྱབ་ན་ཡང་འཁྱབ་སོབ་སོབ་གྲང་འདར་ཡོད་པ་ཚོར
འོན་ཀྱང་་ནོར་ལུག་ཚོ་སྔར་ས་ནས་རི་འགོར་བཏབ་ཟིན་པས
ངས་གསར་འགྱུར་དེ་ཇི་ལྟར་བསྒྲགས་ཀྱང་ཉོན་མཁན་མེད
༦
འཁྱག་སོབ་སོབ་ཀྱི་ནམ་ཟླ་འོག་ན་
གྲང་འདར་རྒྱག་བཞིན་པའི་ནོར་ལུག་ཚོས་ཀྱང་
མིག་ཟུང་རི་རྩེ་ལ་གཏད་ནས་ཅི་ཞིག་གི་བརྡ་རྒྱག་སོང་མོད
ནམ་མཁའ་ལ་སྔར་བཞིན་སྤུར་པའི་ཤོག་རྙིང་དག་
བརྒྱུད་ཟིན་པའི་ལ་མོ་དག་གླེང་པ་ལས
ནོར་ལུག་གི་བརྡ་ལ་མིག་གིས་གཟན་གྱི་མི་འདུག
དུས་དེར་་ངས་ཡང་བསྐྱར་རོལ་དབྱངས་བཞག་མཚམས་ནས་བཀྲོལ་ཡང
ད་ནས་རོལ་དབྱངས་ལ་ཡང་སྐྱག་དྲི་མ་གཏོགས་འཐུལ་རྒྱུ་མི་འདུག