ང་དང་བལ་ཡུལ་གསང་བའི་ལས་ཁུངས་ཀྱི་རྗེས་འདེད་བ།
སྐབས་དེར་སྐུ་ཞབས་སུའུ་མན་མཱ་ཧཱ་རཱ་ཡིས། མགྲོན་ཁང་ནས་འདི་བར་རླངས་འཁོར་གང་གི་ནང་དུ་ཡོང་ཡོད་མེད་དང། ས་གནས་གང་དུ་བསྡད་ཡོད་མེད། སྤྱི་འཐུས་གསུམ་བལ་ཡུལ་སྤོག་ར་ག་དུས་སླེབས་ཡོད་མེད་དང་མཛད་རིམ་གང་དང་གང་བསྐྱངས་ཡོད་མེད། སྤོག་ར་ནས་ཁ་གཏོར་ཏེ་བལ་ཡུལ་གྱི་རྒྱལ་སར་གནམ་གྲུ་གང་གི་ནང་སླེབས་ཡོད་མེད། གནམ་ཐང་དུ་སུས་སྣེ་ལེན་བྱས་ཡོད་མེད་ཅེས་ཚང་མ་གསལ་པོ་ཤེས་རྟོགས་བྱུང་ཡོད་པའི་སྐོར་འགྲེལ་བརྗོད་བྱས་བྱུང། ཡང་ཁོང་གིས། ང་ཉིན་སྔོན་དུང་དཀར་མགྲོན་ཁང་དུ་ངོ་ཐུག་གི་ཆེད་དུ་ཡོང་ཡོད་ཀྱང། སྐབས་དེར་མགྲོན་ཁང་ནས་ཕྱིར་ཐོན་ཚར་འདུག དེ་ནས་ང་ཚོས་རིམ་གྱིས་ཞིབ་འཇུག་བྱེད་བཞིན་པ་ཡིན་ཞེས་གསུངས་བྱུང།
ད་དུང་ཁོང་གིས། ང་ཚོའི་བལ་ཡུལ་སྲིད་གཞུང་ད་ལྟའི་སྐབས་བརྟན་པོ་དང་ལྷིང་འཇགས་མེད་པ་དང། འདིར་བོད་པ་ཚོས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་སྤེལ་སྐབས་རྒྱ་ནག་གཞུང་གིས་གནོན་ཤུགས་ཡོང་གི་འདུག་ལ། དེ་བཞིན་བོད་མི་ཚོའི་ལས་འགུལ་ལ་དམ་དྲག་བྱས་དུས་ཨ་རིའི་གཞུང་གིས་གནོན་ཤུགས་ཡོང་གི་འདུག་པས། དོན་དུ་ང་ཚོ་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་དབར་བྱེད་སྟངས་མི་བདེ་བའི་ཐོག་ནས་གནས་ཡོད་ཅེས་དང། དེ་བཞིན་བོད་པའི་གཞུང་འབྲེལ་གྱི་མཛད་སྒོ་ཁག་ལ་དམིགས་སུ་བཀར་ནས་དོ་སྣང་བྱེད་དགོས་ཀྱི་ཡོད་པ་དང་། སྔོན་མ་བཀའ་སྤྱི་གཉིས་ཀྱི་འོས་འཕེན་གྱི་སྐབས་འོས་སྒམ་འཕྲོགས་པ་དང་འོས་འཕེན་བཀག་འགོག་བྱས་དགོས་བྱུང་བ་རེད། དེ་ཡང་དང་པོ་བལ་ཡུལ་གྱི་ཉེན་རྟོག་པ་ཚོས་འོས་ཤོག་བཀའ་བློན་ཁྲི་པ་ཟེར་བ་བླུགས་ཀྱི་འདུག བཀའ་བློན་ཁྲི་པ་ཟེར་བའི་དོན་དག་གང་རེད་ཅེས་འཚོལ་ཞིབ་བྱས་པ་དང། དེ་ནས་བཀའ་ཁྲི་ནི་སྲིད་བློན་གྱི་ནང་དོན་ཡིན་པས་སྲིད་བློན་དེ་ནི་དྷ་རམ་ས་ལའི་ཆབ་སྲིད་ཀྱི་འགོ་འཁྲིད་ཅིག་ཆགས་ཡོད་པས། བལ་ཡུལ་དུ་འོས་འཕེན་པ་འདི་དོན་དུ་དྷ་སའི་ཆབ་སྲིད་དང་རང་བཞིན་གྱི་འབྲེལ་བ་ཆགས་ཀྱི་ཡོད་པས་ང་ཚོས་བཀག་འགོག་བྱས་པ་རེད་ཅེས་བརྗོད་བྱུང། ད་དུང་ཁོང་གིས། བཀའ་ཁྲི་གསར་པ་དང་བལ་ཡུལ་གྱི་ས་གནས་ཁག་ཏུ་ཡོད་པའི་སྤྱི་འཐུས་དང་སྤྱི་ཟུར་རྣམ་པ། དབུས་གཞོན་ནུའི་ཚོགས་གཙོ་དང་ས་གནས་གཞོན་ནུ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་ནས། དོན་དུ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོའི་སྐོར་གསལ་པོ་ཤེས་རྟོགས་ཡོད་པའི་རྣམ་འགྱུར་བསྟན་བྱུང།
དེ་ནས་ང་དང་ངའི་ཕྱག་སྦྲེལ་གྱིས། ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས་ཡིན་ལགས། ཉིན་སྔོན་སྤོག་ར་ཁུལ་དུ་མི་མང་གི་བདེ་སྡུག་ལ་རྟོག་ཞིབ་བྱས་པའང་དངོས་ཡོད་ཀྱི་གནས་ཚུལ་རེད། སྐབས་དེར་གསང་བའི་ལས་ཁུངས་ཀྱི་ཡང་ནས་ཡང་དུ་འདྲི་ཞིབ་མང་པོ་བྱས་བྱུང་། འདིར་བལ་ཡུལ་གྱི་རྒྱལ་སར་ང་ཚོས་ཆབ་སྲིད་ཀྱི་ལས་འགུལ་གང་ཡང་སྤེལ་འཆར་མེད་ལགས། བོད་མིའི་སྡོད་སྒར་ཁག་གི་བཟོ་གྲྭ། ཡིག་ཚང། བྱིས་བཅོལ་ཁང་དང་རྒས་གསོ་ཁང། སྣེ་ལེན་ཁང་། སློབ་གྲྭ་སོགས་ལ་བལྟ་སྐོར་འགྲོ་འཆར་ཡོད་པས། ཁྱེད་རྣམ་པར་དམིགས་བསལ་གྱི་དཀའ་ངལ་དང་བཀག་འ་གོག་སོགས་མེད་ན་འགྲོ་རྒྱུའི་ཆོག་མཆན་གནང་རོགས་ཞུས་པ་ཡིན། དེ་ནས་ཡང་ཁོང་གིས། དེ་ལྟར་རྟོག་ཞིབ་གནང་བ་ལས་མི་མང་འདུ་འཛོམས་སོགས་ཆབ་སྲིད་ཀྱི་ལས་འགུལ་སོགས་མ་སྤེལ་ན་གཞིས་ཆགས་ཁག་ལ་འགྲོ་ན་འགྲིག་གི་རེད། ཡིན་ནའང་རྒྱུན་ལྡན་བཞིན་རྣམ་པ་ཚོའི་རྗེས་ལ་སྦག་སྦག་གཉིས་གསུམ་གྱི་ས་གནས་བརྗེ་སྒྱུར་བཞིན། རྗེས་འདེད་དང་ལྐོག་བལྟ་བྱེད་ཀྱི་རེད་གསུན་པོ་མ་གནང་རོགས། འདི་ནི་ང་ཚོའི་ལས་འགན་རེད་ཅེས་གསུངས་བྱུང། ང་ཚོས་ཡིན་དང་ཡིན་ང་ཚོས་ཆབ་སྲིད་ཀྱི་ལས་འགུལ་སོགས་གང་ཡང་སྤེལ་གྱི་མིན། རྣམ་པ་ཚོས་ག་ཚོད་རྗེས་འདེད་དང་ལྐོག་ལྟ་གནང་ན་འགྲིག་གི་རེད་ཅེས་ཞུས་པ་ཡིན། ཉིན་རྒྱབ་ཚོུད་༢ དང་སྐར་མ་ ༤༠ ནང་ཁོང་ང་ཚོས་བལ་ཡུལ་དོན་གཅོད་ཁང་གི་ཡིག་ཚང་ནས་ཕེབས་སྐྱེལ་ཞུས་པ་དང་། ཉིན་གུང་གི་ཞལ་ལག་སྐབས་བལ་ཡུལ་དོན་གཅོད་ཁང་གི་འབྲེལ་མཐུད་པ་འཕྲིན་ལས་བླ་མ་ལགས་ཀྱིས། ཁོང་ལ་བལ་གཞུང་གསང་བའི་ལས་ཁུངས་ཀྱིས་ཁ་པར་བརྒྱུད་ནས། གནམ་ཐང་དུ་སྤྱི་འཐུས་ཚོ་ཁྱེད་རང་གིས་ཐེངས་གཉིས་ལ་སྣེ་ལེན་བྱས་ཡོད་པ་དང། སྐབས་དེར་ཁྱེད་ཀྱིས་གྱོན་ཆས་གང་གྱོན་ཡོད་མེད་དང། སྤྱི་འཐུས་ཚོར་སྣེ་ལེན་གྱི་མཇལ་དར་ཕུལ་པ་རྣམས་ཚོས་གཞི་གང་ཡིན་མིན་བཅས་ཆ་ཚང་འགྲེལ་བརྗོད་བྱས་བྱུང་ཞེས་གསུངས་བྱུང། བལ་ཡུལ་དུ་བོད་མི་ཚོར་ཆབ་སྲིད་ཀྱི་དཀའ་ངལ་ཆེན་པོ་འདུག་ལ། གཞུང་འབྲེལ་གྱི་ལས་ཀ་བྱས་པ་ལའང་འདི་ལྟའི་དཀའ་ངལ་འདུག
