བཀུར་འོས་དྲ་གྲོགས་ཤིག་དང་ལྷན་དུ་བགྲོ་གླེང་བྱས་པ།

བཙན་བྱོལ་སྤྱི་ཚོགས་སུ་སྐྱེས་ཤིང་འཚར་བའི་བོད་གངས་ཅན་གྱི་བུ་ཕྲུག་ཚོའི་ནང་དུ་གྲྭ་བ་བྱས་ཏེ་གདན་ས་གྲྭ་ཚང་ཁག་ཏུ་ཞུགས་མཁན་ནི་ཆེས་ཤིན་ཏུ་ཉུང་ཞིང་རེ་ཟུང་ཡོད་པ་ནི། ཕལ་ཆེ་བ་དབང་པོ་དང་ཡན་ལག་ཐང་ཐང་མེད་པའམ་མི་སྐྱའི་སྤྱི་ཚོགས་སུ་དགོས་མཁོ་མེད་པའི་སྐྱེ་བོ་དག་ཡིན། ཕྲུ་གུ་ཆུང་ཆུང་ཡན་ལག་ཐང་བོ་མེད་མཁན་ཞིག་མཐོང་སྐབས་དེར་མཛུབ་མོ་བཙུགས་ཏེ་ཁོ་གྲྭ་བ་འགྲོ་ཡ་རེད་ཅེས་དང་། བུ་མོ་ཞིག་ཡིན་ན་དེར་མོ་ཨ་ནི་བྱེད་དུ་འགྲོ་ཡ་རེད་ཅེས་ཟེར་བའི་བཤད་ཚུལ་དེ་ནི་ད་ལྟའི་གཞིས་ཆགས་ཁག་ཏུ་ཡོང་གྲགས་ཡིན། བཤད་ཚུལ་འདི་དང་ལྟ་ཚུལ་འདིས་གྲྭ་བ་དང་གྲྭ་བའི་སྤྱི་ཚོགས་ལ་བཟུང་བའི་རྣམ་འགྱུར་གསལ་བོར་མཐོང་ཐུབ། དེ་སྔོན་མཐོ་སློབ་འགྲིམས་བཞིན་པའི་གཞིས་ཆགས་ཀྱི་ཕྲུ་གུ་ཞིག་རང་མོས་ཀྱིས་སེར་བྱེས་གྲྭ་ཚང་དུ་ཞུགས་པས་ཁོ་རང་གི་སྤུན་མཆེད་རྒན་པ་བུད་མེད་ཅིག་གིས་གཤེ་གཤེ་དང་ཁ་རྡུང་དྲག་པོ་བཏང་ཞིང་། དེ་ནས་བཟུང་ཁོ་རང་ཟ་ཉལ་ཁོ་ན་བྱེད་པའི་མི་ཆོ་མེད་ཅིག་ཏུ་བརྩིས་ཏེ་སྤུན་མཆེད་ཀྱི་བརྩེ་དུང་ཡང་མེད་པར་ཆགས་སོང་སྐད་འདུག འདི་དང་འདི་ལྟ་བུའི་གནས་ཚུལ་དངོས་ཡོད་དག་ལ་བསམ་གཞིག་བྱས་ན་དེང་དུས་ཀྱི་སློབ་སྦྱོང་ཅུང་ཙམ་ཡོད་ཅིང་། དུས་རབས་ཉེར་གཅིག་པའི་མིའི་བཞུགས་གྲལ་སྙེག་བཞིན་པའི་ང་ཚོའི་གཞོན་སྐྱེས་ཚོའི་བསམ་བློའི་ནང་དུ་གྲྭ་བ་དང་། གྲྭ་བའི་སྤྱི་ཚོགས་ཀྱི་རིན་ཐང་ཅི་ཙམ་ཡོད་དཔོག་ཐུབ་ལ། མིའི་སྤྱི་ཚོགས་ཀྱི་ནང་དུ་གྲྭ་བ་དང་གྲྭ་བའི་སྤྱི་ཚོགས་ཀྱི་རིན་ཐང་ཆུང་དུ་སོང་བ་དེས་གྲྭ་བ་དང་གྲྭ་བའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ནུས་པ་ལ་སྒོ་ལྕགས་བརྒྱབ་པ་གསལ་བོ་རེད། གྲྭ་བ་ནི་ཟ་ཉལ་ཁོ་ན་བྱེད་པའི་མི་ཆོ་མེད་ཅིག་རེད་དམ། དྲི་བ་འདིེར་ང་ཚོས་བསྐྱར་ཞིབ་ཅིག་བྱས་ན་གྲྭ་བ་ནི་ཟ་ཉལ་ཁོ་ན་བྱེད་པའི་མི་ཆོ་མེད་ཅིག་གཏན་ནས་མ་རེད། གྲྭ་བ་ཚོས་བོད་གངས་ཅན་གྱི་ཆོས་རིག་སྲུང་སྐྱོབ་ཀྱི་རྐང་འཛིན་བྱེད་བཞིན་ཡོད་ལ། གྲྭ་བ་ཚོས་ནང་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་བོད་གངས་ཅན་གྱི་ཆེས་རྩ་ཆེའི་རིག་གཞུང་ལ་སློབ་སྦྱོང་བྱེད་བཞིན་ཡོད། དྲི་བ་འདིར་བསྐྱར་ཞིབ་བྱེད་སྐབས་ང་ཚོའི་སེམས་ནང་ལ་དོགས་པ་ཞིག་སླེབས་འོང་བ་ནི་ཁོང་ཚོས་གྲྭ་བ་ནི་ཟ་ཉལ་ཁོ་ན་བྱེད་པའི་མི་ཆོ་མེད་ཅིག་ཏུ་ཅིའི་ཕྱིར་མཐོང་བ་ཡིན་ནམ་སྙམ་པ་འདི་རེད འདི་ལ་རྒྱུ་མཚུན་མང་པོ་ཡོད་སྲིད་ཀྱང་གཙོ་བོ་ནི་གྲྭ་བ་ཚོ་དེང་དུས་ཀྱི་སློབ་སྤྱོང་དང་ཁ་བྲལ་སོང་བས་རེད། གྲྭ་བའི་སྤྱི་ཚོགས་དེང་དུས་དང་མཐུན་པར་བཅོས་སྒྱུར་བྱེད་མ་ཐུབ་པས་རེད། གྲྭ་བའི་སྤྱི་ཚོགས་དེང་དུས་དང་མཐུན་པར་བཅོས་སྒྱུར་བྱེད་སྟངས་དེ་ཡང་སྡོམ་ཁྲིམས་སྲུང་མི་དགོས་པའི་མགོ་རིལ་ཁྱུ་ཞིག་གསོ་སྐྱོང་བྱ་རྒྱུ་དེ་མ་ཡིན་པར་ནང་ཆོས་ཀྱི་གཙོས་གནའ་རབས་ཀྱི་སློབ་སྦྱོང་དང་ཉམས་ལེན་གང་འཚམ་ཡོད་པ་གང་ཞིག་ལ་བསམ་བློ་དང་། ཀུན་སྤྱོད། འགྲོ་སྟངས་གང་གི་ཆ་ནས་དེང་རབས་སྤྱི་ཚོགས་ཀྱི་རྗེས་སུ་མ་ལུས་པ་བྱ་རྒྱུ་དེ་རེད་། དེ་ལྟར་བྱ་དགོས་པའི་རྒྱུ་མཚན་ནི་དེང་གི་མི་རྣམས་ནི་དད་པ་དང་སྲོལ་རྒྱུན་ཁོ་ནས་རྗེས་སུ་མི་འབྲང་བར་གནས་ལུགས་ལ་བརྟགས་ནས་དད་མོས་བྱེད་པ་དང་། གྲྭ་བའི་སྤྱི་ཚོགས་སུ་དོན་དམ་པར་མ་རུང་བའི་སེམས་བསྒྱུར་ནས་འདི་སྣང་སྤངས་ཤིང་ཐར་བ་འཚོལ་བའི་ཆོས་པ་ཉུང་བའི་གནས་ལུགས་འདིའོ།། གྲྭ་བའི་སྤྱི་ཚོགས་དེང་རབས་ཀྱི་མིའི་བསམ་བློའི་ཁ་ཕྱོགས་དང་མཐུན་པར་སྒྱུར་བཅོས་བྱེད་མ་ཐུབ་པ་དེ་སྲིད་དུ་མིའི་སྤྱི་ཚོགས་ཀྱི་སེམས་ནང་གི་གྲྭ་བའི་སྤྱི་ཚོགས་ཀྱི་རིན་ཐང་གོང་མཐོར་འགྲོ་མི་ཐུབ་ལ་གྲྭ་བའི་སྤྱི་ཚོགས་ཀྱི་རིན་ཐང་བརླགས་པའི་ཉིན་མོ་ནི་བོད་གངས་ཅན་གྱི་ཆོས་དང་རིག་གཞུང་བརླགས་པའི་ཉིན་མོ་ཡིན་ལ་ནམ་ནམ་ཞར་ཞར་ལ་གོང་དུ་འཕེལ་ཞིང་རྒྱས་པའི་བསྔོ་སྨོན་བྱ་སའི་སངས་རྒྱས་ཀྱི་བསྟན་པ་བརླགས་པའི་ཉིན་མོའང་ཡིན་ངེས། དེས་ན་བསྟན་པ་འཛིན་པའི་སྐྱེས་ཆེན་དང་། བསྟན་ལ་དད་ཅིང་ཞེན་པའི་བླ་སྤྲུལ་དགེ་བཤེས་རྣམ་དཔྱོད་ཅན་ཚོས་བསྟན་པ་རྒྱས་ཐབས་ཡིན་ཞེས་དེང་དུས་ཀྱི་སློབ་སྦྱོང་དང་། དེང་དུས་ཀྱི་རིག་གསར་ལ་དགག་བཞག་མཐའ་གཅིག་ཏུ་བྱེད་པ་ནི་བསྟན་པ་རྒྱས་པ་དང་། བཤིག་པ་གང་གི་ཐབས་སུ་འགྲོ་བ་ལེགས་པར་བསམ་དགོས་པར་སྙམ། བསྟན་པའི་རྩ་བ་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་པ་དང་། དེ་གནས་པ་དགེ་འདུན་གྱི་སྡེ་ལ་རག་ལས་པའི་བཤད་ཚུལ་འདི་དངོས་བདེན་ཡིན་ན་བསྟན་པ་རྒྱས་པ་དང་། འགྲོ་བ་བདེ་བའི་ཆེད་དུ་གྲྭ་བའི་སྤྱི་ཚོགས་ཀྱི་རིན་ཐང་གོང་མཐོར་གཏང་ཆེད་གྲྭ་བའི་སྤྱི་ཚོགས་དེང་དུས་དང་མཐུན་པའི་བསྒྱུར་བཅོས་བྱས་ཏེ་གྲྭ་བ་ནི་ཟ་ཉལ་ཁོ་ན་བྱེད་པའི་མི་ཆོ་མེད་ཅིག་རེད་སྙམ་པའི་འདུ་ཤེས་དེ་རྩ་གཏོར་གཏང་དགོས། གྲྭ་བ་ནི་ཅི་ཡང་མི་ཤེས་མཁན་ཞིག་རེད་སྙམ་པའི་བསམ་བློ་དེ་གཙང་ཕྱགས་བྱེད་དགོས། དགོན་པ་ནི་འཇིག་རྟེན་པའི་སྤྱི་ཚོགས་ལ་དགོས་མཁོ་མེད་པའི་སྐྱེ་བོ་ཚོ་གསོག་ས་རེད་སྙམ་པའི་བློ་རིག་དེ་འབུར་འཇོམ་བྱེད་དགོས། དེས་ན་གྲྭ་བ་ལ་སྐྱོན་བརྗོད་བྱེད་ཀྱི་འདུག་ཅེས་ཞེ་སྡང་གི་མེ་ལྕེ་འབར་བ་ལས་གྲྭ་བ་ཚོ་དེང་དུས་ཀྱི་མི་གྲལ་དུ་ཚུད་པར་བྱས་ཏེ་གྲྭ་ས་དང་དགོན་པ་དེང་དུས་དང་སྲོལ་རྒྱུན་གྱི་སློབ་སྦྱོང་ཚད་ལྡན་བྱ་སའི་ཆེས་མཐོའི་སློབ་གཉེར་ཁང་ངོ་མ་ཞིག་ཏུ་བསྒྱུར་བར་འབད་བརྩོན་བྱས་ན་དོན་ངོ་མའི་བསྟན་པ་ལ་ཞབས་འདེགས་བསྒྲུབས་པ་ཡིན་ནོ།། །།

མཆན། གསེར་རྟ་ཚུལ་ཁྲིམས།

གནད་དོན་མང་པོ་ཞིག་གི་ཐོག་ལ་ངེད་གཉིས་བལྟ་སྟངས་རྦད་དེ་ཁ་ཁ་རེད། འོན་ཀྱང་འདིའི་ཐོག་ནས་ངའི་ནོར་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། སྐབས་འདིར་ཡང་ཁྱེད་ཀྱིས་“ནང་ཆོས་ཀྱི་གཙོས་གནའ་རབས་ཀྱི་སློབ་སྦྱོང་དང་ཉམས་ལེན་གང་འཚམ་ཡོད་པ་གང་ཞིག་ལ་བསམ་བློ་དང་། ཀུན་སྤྱོད། འགྲོ་སྟངས་གང་གི་ཆ་ནས་དེང་རབས་སྤྱི་ཚོགས་ཀྱི་རྗེས་སུ་མ་ལུས་པ་བྱ་རྒྱུ་དེ་རེད།”ཟེར། ཁྱེད་ཀྱི་དགོངས་པ་ངོ་མ་དེ་ངས་ནོར་མེད་ན། གྲྭ་པ་ཟེར་བ་དེ་ནང་ཆོས་ཀྱི་ཉམས་ལེན་གང་འཚམ་ཞིག་ཡོད་ན་ཆོག་པ་ཞིག་ཏུ་དགོངས་ཡོད་པ་འདྲ། གང་འཚམ་ཟེར་བ་དེ་གཞི་གཞན་ཞིག་ལ་ལྟོས་ནས་བཤད་དགོས་པ་ལས། རང་ངོས་ནས་གང་འཚམ་ཞེས་དེ་ལ་ཚད་འདི་རེད་ཅེས་བཤད་རྒྱུ་ཅི་ཡང་མེད། གཙོ་ཆེ་བ་དེ་ཁྱེད་ཀྱིས་“བསམ་བློ་དང་། ཀུན་སྤྱོད་འགྲོ་སྟངས་གང་གི་ཆ་ནས་ཀྱང་དེང་རབས་སྤྱི་ཚོགས་ཀྱི་རྗེས་སུ་མ་ལུས་པ་བྱ་རྒྱུ་དེ་རེད།” དེང་རབས་སམ་དེང་དུས་ཀྱི་མིའི་བསམ་བློ་དེ་གཙོ་ཆེ་བ་ཕྱིའི་དངོས་ཡར་རྒྱས་སུ་འགྲོ་རྒྱུ་དེ་རེད་ཅེས་བཤད་ཆོག་པ་ཞིག་རེད། ཀུན་སྤྱོད་ཀྱི་ཐོག་ནས་ཀྱང་ནང་པའི་ཆོས་ཀྱི་ཐོག་ནས་ཆེས་སྡུག་ཤོས་སུ་བརྩི་བའི་འདོད་ཆགས་ཞེ་སྡང་གཏི་མུག་གཙོ་བོར་གྱུར་པའི་ཉོན་མོངས་པའི་གཞན་དབང་དུ་གཏོང་གང་ཐུབ་བྱེད་བཞིན་པ་དེ་ཡོངས་གྲགས་ཡིན་པ། ཁྱེད་ཀྱིས་ཀྱང་ཁས་ལེན་གནང་མདོག་ཁ་པོ་རེད། དེ་འདྲ་ཡིན་དུས་ཆོས་པ་ཞིག་ལ་མཚོན་ན་དེ་འདྲ་བྱེད་དགོས་པ་ཞིག་ཡིན་མིན་བཤད་དཀའ་བ་ཞིག་རེད།

ད་དུང་ཤེས་དགོས་པ་ཞིག་ལ་གྲྭ་པའི་སྤྱི་ཚོགས་དེ་གང་ཡང་མི་ཤེས་མི་འཇོན་མཁན་དུ་བརྩི་མཁན་ཞིག་ཡོད་པ་ང་ཚོའི་གཏན་ནས་གོ་མྱོང་། བཙན་བྱོལ་ནང་གྲྭ་པ་བྱེད་མཁན་དཀོན་པོ་ཡིན་པ་དེ་ཧ་ཅང་བདེན་ཡང་། དེ་གྲྭ་པ་ཟ་འདྲེ་ཡིན་པ་དང་། ཅི་ཡང་མི་ཤེས་མཁན་ཡིན་པའི་རྒྱུ་མཚན་གྱིས་མ་རེད། གོང་དུ་བརྗོད་བཞིན་པ་ཆགས་སོགས་ཉོན་མོངས་པའི་དབང་གིས་གནས་སྐབས་ཀྱི་འདོད་ཡོན་ཕྲ་མོ་ཙམ་ཐོབ་འདོད་ཀྱིས་རེད། དངོས་ཡོད་གནས་ཚུལ་ཐོག་ནས་གྲྭ་པ་ཇི་ཡང་མི་འཇོན་མཁན་དུ་བརྩི་མཁན་ཞིག་ཡོད་པ་གཏན་ནས་མི་ཤེས་ལ། བཙན་བྱོལ་སྤྱི་ཚོགས་ནང་འཇོན་ཤོས་དེ་གྲྭ་པའི་སྤྱི་ཚོགས་ཆགས་ཡོད། དེར་བརྟེན་ཁྱེད་ཀྱིས་གསུངས་པ་བཞིན་བརྗོད་མཁན་ཡོད་པའི་དབང་དུ་བཏང་ཡང་དེ་བརྗོད་མཁན་དེས་གནས་ལུགས་མ་ཤེས་པ་རེད།

སྤྱིར་ཁྱེད་ཀྱིས་གསུངས་པ་དེ་ངས་གོ་མ་མྱོང་བ་དེ་འདྲ་མ་རེད། གྲྭ་པའི་ནང་བསམ་ཚུལ་དེ་འདྲ་འཛིན་མཁན་ཡོད་པ་མ་ཟད། བསམ་ཚུལ་འབྲི་མཁན་ཡང་ཡོང་གི་འདུག དཔེར་ན་སེར་བྱེས་བྱ་བྲལ་བོན་རྒྱ་བསྟན་འཛིན་རབ་རྒྱས། སེར་སྨད་བློ་དགའ། འབྲས་སྒོ་མང་རྨོག་རུ་བསྟན་པ་བཅས་ལའང་། ཁྱེད་ཀྱི་དགོངས་ཚུལ་གཅིག་པ་ཡོད་མ་ཟད། བསམ་ཚུལ་དེ་གསལ་སྟོན་བྱས་པའང་མཐོང་མྱོང་། འོན་ཀྱང་ངའི་ལྟ་སྟངས་ལྟར་ན་དེ་ལ་གནས་ལུགས་དང་རྒྱུ་མཚན་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་ཐུབ་པ་ཞིག་མི་འདུག འོན་ཀྱང་འགོ་འཛུགས་སྐབས་ནས་བཤད་པ་བཞིན། ཁྱེད་རྣམ་པའི་དགོངས་ཚུལ་དེ་ལ་རྒྱུ་མཚན་ཡོད་སྲིད་པ་རེད། 

ཡིན་ནའང་གྲྭ་པ་ཞེས་པ་དེ་འཇིག་རྟེན་ཁྱིམ་པ་ང་ཚོ་ལྟ་བུས་དུས་ནམ་ཡང་འགྲན་དུ་མི་བཟོད་པ། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་གྲོལ་བ་དོན་དུ་གཉེར་མཁན་ཞིག་ཡིན་དགོས་ན་ཁྱེད་ཅག་གིས་གསུངས་པ་དེ་རྒྱུ་མཚན་ཕལ་ཆེར་མེད་པ་ལྟ་བུ་རེད། དེ་འདྲ་མ་ཡིན་པར་གྲྭ་པ་ཟེར་བ་དེ་འཇིག་རྟེན་ཁྱིམ་པ་ཞིག་གི་ཡང་རྗེས་ཆོད་དང་མ་ཆོད་ཀྱི་ཐོག་ལ་གཞི་ནས་འགྲན་རྩོད་བྱེད་དགོས་པ་ཞིག་ཡིན་ན་ཁྱེད་ཅག་གི་དགོངས་ཚུལ་དེར་ནོར་ཡོད་པ་མ་རེད། མདོར་བསྡུས་ན་ངའི་བསམ་ཚུལ་དེ་ནོར་ཡོད་པར་ཤོག

ལན། སེར་ཤུལ་རིན་ཆེན་དོན་གྲུབ།

གྲྭ་བར་དེང་དུས་ཀྱི་སློབ་སྦྱོང་མི་དགོས་པའི་ལྟ་ཚུལ་ཉི་ཚེ་བ་འགའ་འགས་གཏོར།
གྲྭ་བ་ཚོས་དེང་རབས་ཀྱི་སློབ་སྦྱོང་ངེས་པར་དུ་བྱེད་དགོས། དེ་ལྟར་མ་བྱས་པར་ནང་ཆོས་ཁོ་ན་སྦྱངས་ཏེ་གྲྭ་བ་མཐར་ཕྱིན་ན་ཡག་པོ་རེད་དེ། གྲྭ་བ་ལོག་ཚེ་གང་ཡང་བལྟ་ས་མེད་པ་དེ་འདྲ་ཆགས་ན་གྲྭ་བ་བྱེད་མཁན་ཉུང་དུ་འགྲོ་གི་རེད། ༸གོང་ས་མཆོག་གིས།
ང་ཚོར་དགོས་པ་གང་མང་མང་ཞིག་ཡོད་མོད་འོན་ཀྱང་ང་ཚོས་བསྒྲུབས་པ་གང་ཉུང་ཉུང་ཞིག་ལས་མེད། དེ་ནི་འགྲོ་བ་མིའི་དགོས་པ་དང་བསྒྲུབས་པའི་བར་གྱི་སྟོང་ཆ་རེད། ང་ཚོས་དགོས་པའི་དམིགས་ཡུལ་ཞིག་གི་ཆེད་དུ་འབད་བཞིན་ཡོད་མོད་དམིགས་ཡུལ་དེ་འགྲུབ་དང་མ་འགྲུབ་ཀྱི་ས་མཚམས་ནི་ཁོར་ཡུག་དང་རང་གི་འཇོན་ནུས་གཉིས་ཀ་ལ་བལྟོས་ནས་གྲུབ་པ་ཞིག་ལས་ཁེར་རྐྱང་རང་ཚུགས་ཀྱིས་ཡོང་ཐབས་མེད་པ་ཞིག་རེད། རྒྱུ་མཚན་དེའི་དབང་གིས་བྱ་བ་གང་ཞིག་ཡིན་ཡང་ཁོར་ཡུག་དང་སྤྱི་ཚོགས་ཀྱི་གནས་བབ་ཀྱི་མཐུན་སྦྱོར་འོག་གྲུབ་དགོས་པའི་གནས་ལུགས་འདིས་ཡོད་ཚད་སྤྱི་ཚོགས་ཀྱི་ཕྱི་རོལ་ཏུ་བཀྱེད་དེ་སྒྲུབ་ཐབས་མེད་པའི་རྒྱུ་མཚན་བགྲང་བཞིན་ཡོད། ད་ལྟའི་བོད་ཀྱི་གྲྭ་བ་ཞིག་ལ་མཚོན་ན་ཚེ་འདི་ལས་ཕྱི་མ་དང་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཆེད་དུ་རབ་ཏུ་བྱུང་ཡོད་པའི་ངེས་པ་གཏན་ནས་མེད་ལ་གལ་སྲིད་དེ་ལྟར་ཡོད་པའི་དབང་དུ་བཏང་ཡང་དམིགས་ཡུལ་དེའི་ཆེད་དུ་ལག་ལེན་ལ་གཞོལ་མཁན་ནི་ཧ་ཅང་ཉུང་། གལ་སྲིད་དམིགས་ཡུལ་ལྟར་གྱི་ལག་ལེན་ཅུང་ཙམ་ཡོད་མཁན་ཞིག་ཡིན་ནའང་སྤྱི་ཚོགས་ཁྲོད་དུ་ཁོང་གི་རིན་ཐང་མངོན་པ་དཀའ་བ་མ་ཟད་རང་ཉིད་གཅིག་པུས་ས་སྟོང་བྲག་ཁུག་ཅིག་ཏུ་སྒོམ་སྒྲུབ་ཉམས་ལེན་བྱས་པ་དེས་རང་ཉིད་ལ་ཕན་དགེ་ངེས་ཅན་ཞིག་ཡོད་ངེས་མོད་ཀྱི་རང་ལས་གཞན་པའི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བསམ་པ་དང་སྒོམ་པ་བཞིན་ལག་ལེན་གྱི་ཐོག་ནས་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་གང་འདྲ་ཞིག་ཡོད་མེད་ཀྱང་བསམ་དགོས་པ་ཞིག་ཡིན། སྤྱིར་བཏང་བསྒྲུབ་དཀའ་བ་དང་སྒྲུབ་མཁན་ཉུང་བའི་རྒྱུ་མཚན་གྱིས་དེའི་ཕྱོགས་ལ་འབད་བརྩོན་ལྷོད་དུ་གཏོང་བ་དང་དེ་ལས་ཕྱིར་བཀྱེད་བྱེད་དགོས་པའི་རྒྱུ་མཚན་བཤད་པ་ནི་ཡང་དག་པ་ཞིག་མིན་ལ་དེ་ལྟར་བྱ་དགོས་པར་ཟུར་ཙམ་ཡང་བཤད་མེད། རེད་དེ་དགོན་པ་གྲྭ་ཚང་ཁག་རང་ཉིད་ཀྱི་རྒྱུད་ལ་ཉོན་མོངས་སྤངས་པའི་ཐར་བའི་གོ་འཕང་ཁོ་ན་སྒྲུབ་མཁན་གྱི་གྲྭ་བ་ཡང་མ་ཡིན། དེང་རབས་ཀྱི་སློབ་སྦྱོང་དང་བྱ་སྤྱོད་ཀྱི་ཕྱོགས་ནས་མིའི་སྤྱི་ཚོགས་ཀྱི་རྗེས་སུ་ལུས་པའི་ཕོ་ཧྲེང་གི་བསྟི་གནས་ཤིག་ཆགས་ན་སངས་རྒྱས་ཀྱི་བསྟན་པ་དང་། ད་ལྟའི་སྤྱི་ཚོགས། སོ་སོ་རང་ཉིད་གང་ལ་ཡང་ཕན་ཐོགས་དཀའ་བའི་དངོས་ཡོད་ཀྱི་གནས་ལུགས་གསོན་པོ་འདིས་ང་ལ་གྲྭ་བར་དེང་དུས་ཀྱི་སློབ་སྦྱོང་དགོས་པའི་སྐུལ་དེད་བྱེད་དུ་བཅུག་པ་རེད། བྱ་བ་གང་ཞིག་ཡིན་ཡང་སྐབས་དེའི་དོན་དངོས་ལ་བལྟས་ནས་མདུན་སྐྱོད་བྱེད་དགོས་པ་ལས་དམིགས་ཡུལ་དང་སེམས་ཅན་སོགས་སྦོབ་པོ་རྐྱང་རྐྱང་བཤད་བཞིན་དེའི་ལྡོག་ཕྱོགས་ཀྱི་ལག་ལེན་ལ་གཞོལ་བ་འདིས་ང་ཚོར་ཅི་ཞིག་ཕན་གྱི་ཡོད་ངེས་པར་དུ་བསམ་དགོས། དེ་ལས་རང་གིས་གང་ཤེས་པ་དང་གང་ལ་ཉམས་ལེན་དུ་གཞོལ་བའི་གྲུབ་དོན་དེ་དེང་རབས་ཀྱི་སློབ་སྦྱོང་དང་། ཀུན་སྤྱོད་ཀྱིས་དེང་རབས་ཀྱི་སྤྱི་ཚོགས་སུ་འགྲེལ་སྤེལ་བྱས་ན་བསྟན་པ་སྤྱི་དང་ད་ལྟའི་བོད་ཀྱི་རྩ་དོན་གང་ལའང་ཕན་ཐོགས་ཆེ་བར་མཐོང་། རྒྱུ་མཚན་འདི་དག་ནི་ངས་གྲྭ་བར་དེང་དུས་ཀྱི་སློབ་སྦྱོང་ཡོད་དགོས་པར་བཤད་པའི་རྒྱུ་མཚན་གཙོ་བོ་ཞིག་ཡིན། དེང་དུས་ཀྱི་བསམ་བློ་དང་ཀུན་སྤྱོད་ནི་གཙོ་ཆེ་བ་ཕྱིའི་དངོས་པོ་ཡར་རྒྱས་དང་། ནང་པའི་ཆོས་ཀྱི་གཞུང་ལུགས་ནས་ཆེས་སྡུག་ཤོས་སུ་བསྟན་པའི་འདོད་ཆགས་ཞེ་སྡང་གཏི་མུག་གཙོ་བོར་གྱུར་པའི་ཉོན་མོངས་པའི་གཞན་དབང་དུ་གཏོང་གང་ཐུབ་བྱ་རྒྱུ་དེ་ཡིན་པ་ངས་ངོས་འཛིན་བྱེད་ཀྱི་མེད། དེ་ནི་དེང་དུས་ཀྱི་མིའི་བསམ་སྤྱོད་ཀྱི་ཕྱོགས་གཅིག་ཡིན་སྲིད་མོད་དེང་དུས་ཀྱི་བསམ་སྤྱོད་ལག་ལེན་དུ་བསྟར་བ་ལ་ངེས་པར་དུ་དགོས་པའི་བསམ་སྤྱོད་དེ་གཏན་ནས་མ་རེད། དེང་གི་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་སུ་གྲྭ་བར་རིན་ཐང་དང་ཆེ་མཐོང་མེད་པར་ཁྱེད་ཅག་གིས་མ་མཐོང་བ་དེ་མ་མཐོང་བ་རང་ཡིན་པ་ལས་དེ་འདྲའི་གནས་ཚུལ་མེད་པའི་སྒྲུབ་བྱེད་མ་རེད། མ་མཐོང་བ་དང་མེད་པར་མཐོང་བ་གཉིས་རྦད་དེ་ཁ་ཁ་རེད། འདི་ཁྱེད་ཅག་གིས་ཤེས་དགོས་ཚོད་ཡིན། ངས་དེ་སྔོན་སྤེལ་བའི་(དེང་གི་སྤྱི་ཚོགས་སུ་གྲྭ་དགོས་མཁོ་ཡོད་དམ་)ཞེས་པའི་རྩོམ་ཡིག་དེ་དང་འདི་གཉིས་ཀྱི་དགག་ཕྱོགས་ནས་ལངས་མཁན་དག་གིས་ངེས་པར་དུ་ཤེས་དགོས་པ་ཞིག་ལ། དགོས་པ་དང་ཐུབ་པ་གཉིས་ནོར་མི་རུང་། དམིགས་ཡུལ་དང་ལག་ལེན་གཉིས་བཤིབ་བསྡུར་བྱ་དགོས། རྒྱུན་སྲོལ་དང་དོན་དངོས་གཉིས་ཞིབ་མོར་འབྱེད་དགོས། ངས་ད་བར་དུ་གང་གླེང་བ་ནི་ད་ལྟའི་སྤྱི་ཚོགས་ཀྱི་དོན་དངོས་ལ་ཁ་ཕྱོགས་པ་རྐྱང་རྐྱང་ཡིན་ལ་ཁྱེད་ཅག་གི་བསམ་ཚུལ་དག་ནི་སྲོལ་རྒྱུན་དང་དམིགས་ཡུལ་ལ་བསྙད་པའི་ལྐོག་གྱུར་དང་ཐོབ་པར་དཀའ་བའི་རྒྱང་རིང་གི་མཛེས་པའི་ཞིང་ཁམས་རྐྱང་རྐྱང་རེད། རྒྱུ་མཚན་དེའི་དབང་གིས་བསམ་ཚུལ་འདི་གཉིས་མཐུན་ཐབས་མེད་པའི་རྣོ་ངར་ཅན་གྱི་ལྟ་ཚུལ་གཉིས་ཆགས་པ་རེད། ཁྱེད་ཅག་གིས་གང་གསུང་བ་དེར་རྒྱུ་མཚན་རྩ་ནས་མེད་པའི་བདེན་དཔང་བྱེད་མི་ཐུབ་མོད་རང་གིས་བཤད་པའི་དོན་དངོས་དེ་ཚོར་རྒྱུ་མཚན་དང་། རྒྱབ་ལྗོངས། གནས་ལུགས་བཅས་སྲ་ཞིང་ལྗིད་པ་ཞིག་ཡོད་པར་སྤོབས་པ་ཆེན་པོས་འགྲེལ་བཤད་རྒྱག་ཐུབ་པའི་གདེང་ཚོད་ཡོད་དོ།།

མུ་མཐུད་དགོད་རྒྱུ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་