བློ་གྲོས་ཀྱི་གཏེར་མཛོད་ཆེན་པོ། སློབ་དཔོན་ཟམ་གདོང་རིན་པོ་ཆེ།
ཁྱེད་རང་འོད་ལམ་ལམ་གྱིས་འཚེར་བའི་སྔ་གཞུག་ཏུ།
ཁྱེད་དང་ཁྱེད་ཀྱི་མཛེས་སྡུག་ལ་དད་མོས་ཀྱི་མར་མེ་འདེགས་མཁན་ཚོ།
དགོད་བཞིན། དགྱེས་བཞིན། ཁྱེད་ཀྱི་ཡང་དག་པའི་མཛད་སྤྱོད་ཀྱི་དགེ་མཚན་རེ་རེར་ངང་སྒུག་བྱས།
ཁྱེད་ཀྱི་མཚུངས་མེད་ཀྱི་སྤོབས་པ་རེ་རེ། ཁྱེད་ཀྱི་ཤེས་ཡོན་གྱི་ལྗིད་ཚད་རེ་རེ།
ཁྱེད་ཀྱི་ལྷག་བསམ་གྱི་བབ་ཁ་རེ་རེ། འདི་དག་ཡོད་ཚད་ཀྱི་ཚད་གཞི་མཐོ་དྲགས་པས།
ཁྱེད་ཀྱི་འོད་སྣང་། ཁྱེད་ཀྱི་གཟི་བརྗིད། ཁྱེད་ཀྱི་སྙན་གྲགས། ཁྱེད་ཀྱི་རིན་ཐང་།
ཡོད་ཚད་ཀྱི་ཡོད་ཚད་སྤྱི་ཚོགས་འདི་དང་བསམ་བློ་འདི་ལས་བརྒལ་ཏེ་འཛམ་གླིང་གི་རྒྱལ་མཚམས་སུ་མཆེད།
དྲག་ཏུ་མཆེད། ཤུགས་ཀྱིས་མཆེད།
འགྲོ་བའི་སེམས་ཁམས་ལ་གཡོ་འགུལ་ཐེབས་པའི་གནས་ལུགས་སྟོང་ཕྲག་གིས་སྤྱི་ཚོགས་འདི་འོད་ཀྱིས་སྦར། འོད་ཀྱིས་དཀྲུས། འོད་ཀྱིས་བསྒྱུར།
ཁྱེད་ཀྱི་སྤྱི་སེམས་ཀྱི་འཕྱོ་དྲག་པའི་ངར་ཤུགས་དེས།
སྒེར་སེམས་ཁོ་ནས་བཟི་བའི་སྐྱེ་བོ་སྐོར་ཞིག་གི་ཚུལ་མིན་གྱི་འཚོ་གནས་ལ་རྒོལ་རྡུང་བྱས།
ཁྱེད་ཀྱི་༸གོང་ས་ཆེན་པོར་བླ་ན་མེད་པའི་ཡིད་ཆེས་དང་དད་སྟོབས་ཀྱི་འདུ་ཤེས་དེས།
རྒྱང་རིང་མི་མཐོང་བའི་ཉི་ཚེ་བའི་བསམ་བློ་སྐོར་ཞིག་ལ་ཕོག་ཐུག་བཏང་།
ཁྱེད་ཀྱི་རང་གི་མི་རིགས་དང་རིག་གཞུང་གི་མ་འོངས་པའི་གཟིགས་རྒྱང་དེས།
གནས་སྐབས་ཀྱི་ངོ་གདོང་ཁོ་ནར་ལྟ་བའི་བསམ་བློ་ཅན་སྐོར་ཞིག་གི་སྐེད་ནས་བཙིར་ཞིང་ཟུར་ནས་མནན།
ཁྱེད་ཀྱི་བླ་ན་མེད་པའི་ཆབ་སྲིད་ཀྱི་བསམ་བློ་དང་། གོང་ན་མེད་པའི་རིག་གཞུང་གི་རྒྱབ་རྟེན་དེས། ཆེས་མཐོ་རིམ་གྱི་མི་རྗེ་དག་ལ་དབང་བཀུར་གྱི་བྱིན་རླབས་བསྩལ།
ཁྱེད་ཀྱི་གངས་ཅན་པའི་གཟི་བརྗིད་ཀྱི་ཆེད་དུ་ཅི་ཡང་བྱེད་ཕོད་པའི་མཆོག་གྱུར་གྱི་སྤོབས་པ་དེས།
ལྷ་འདྲེ་ལ་སྐྱབས་བཅོལ་བའི་གཤེད་མའི་དཔུང་ཚོགས་ཀྱང་འདར་བར་བྱས།
ཁྱེད་ཀྱིས་གངས་ཅན་པའི་ཆེད་དུ་བཞག་པའི་དཔྲལ་གཉེར་རེ་རེ།
ཁྱེད་ཀྱིས་མི་རིགས་འདིའི་ཆེད་དུ་བསྒྱུར་བའི་སྐྲ་དཀར་རེ་རེ།
ཁྱེད་ཀྱིས་བཙན་བྱོལ་སྤྱི་ཚོགས་འདིར་བསྐྲུན་པའི་དགེ་མཚན་རེ་རེ།
ཁྱེད་ཀྱིས་འཛམ་གླིང་གི་སྡིངས་ཆར་སྐྱེལ་བའི་ང་ཚོའི་རིག་གཞུང་། ང་ཚོའི་བཟང་སྤྱོད། ང་ཚོའི་ཆེ་མཐོང་། འདི་དག་ནི་བརྗོད་ཀྱི་མི་ལངས། བགྲང་གིས་མི་ལངས། རྡུལ་སྙེད་བཞིན། རྩི་ཤིང་བཞིན།
ཁྱེད་ཀྱིས་ཨུ་ཚུགས་ཀྱིས་བསྐྲུན་པའི་ཤེས་ཡོན་སྲིད་ཇུས།
ཁྱེད་ཀྱིས་སྲ་བརྟན་དུ་བཞེངས་པའི་དཔལ་འབྱོར་རང་སྐྱོང་།
ཁྱེད་ཀྱིས་བདེན་སྟོབས་ཀྱིས་བསུས་པའི་རྒྱ་བོད་འབྲེལ་ལམ།
ཁྱེད་ཀྱིས་རྣམ་དཔྱོད་ཀྱིས་བསྐྱེད་པའི་ཤེས་ལྡན་མི་སྣ།
འདི་ཐམས་ཅད་ལྟོས་འཇོག་གིས་བཤད་ན་ཚད་ཐུབ་ཁོ་ན། ལེགས་གྲུབ་ཁོ་ན། བདེ་ལེགས་ཁོ་ན།
ཁྱེད་ཀྱི་ཚན་རིག་ལ་ལྟ་བའི་ལྡོག་སྒྲུབ་རིགས་ལམ། ཁྱེད་ཀྱི་ལས་དབང་ལ་བཅོལ་བའི་རི་རྒྱལ་ཆགས་རིམ། ཁྱེད་ཀྱི་དེང་རབས་ལ་བཟུང་བའི་བསམ་བློའི་འཁྱུག་རྩལ།
ཁྱེད་ཀྱི་སྐད་ཡིག་གི་རིན་ཐང་འགྲེལ་བའི་བསམ་བློའི་ཟབ་ཚད། འདི་དག་ལ།
སུ་ཡིས་འགྲན་པར་ནུས། སུ་ཡིས་རྒོལ་བར་ནུས། སུ་ཡིས་དགག་པར་ནུས། བླ་མེད་ཀྱི་མཁྱེན་ཡོན་དེ། གོང་ན་མེད། བླ་ན་མེད། མཆོག་ཏུ་གྱུར། བླ་རུ་འཕགས།
རིན་པོ་ཆེ། སློབ་དཔོན་ཆེན་པོ། མཁས་དབང་ཟམ་གདོང་རིན་པོ་ཆེ་ལགས།
བོད་མི་རིགས་ཀྱི་དགེ་མཚན་སྟོང་གི་དབུས་ན་ཁྱེད་ཀྱི་བླ་མེད་ཀྱི་བྱས་རྗེས་གསལ་ཡོད།
གསེར་ཡིག་གི་བྲིས་པའི་རྒྱ་རབས་ཀྱི་གླེགས་བམ་དག་ཏུ་ཁྱེད་ཀྱི་ལེགས་མཛད་ཀྱི་བྱུང་བ་བཀོད་ཡོད།
གངས་ཅན་པའི་བསམ་བློའི་སློབ་དཔོན་ཆེན་པོ་མཆོག། ཁྱེད་ཉིད་མངོན་པར་བསྟོད་དོ།།
ཁྱེད་ཉིད་མཆོག་ཏུ་བཀུར་རོ།། ཁྱེད་ཉིད་དང་བས་བསྔགས་སོ།།
༢༠༡༡/༨/༡༥ལ་བྲིས།
