མྱ་ངན་གྱི་མིག་ཆུའི་དབྱངས
ཅི་ཞིག་བརླགས་སོང་སྙམ་པའི་ཁ་སང
ཚོར་བའི་གཡོ་འགུལ་གྱིས་གཅུམ་ཡོང་བའི་ཁ་སང་ཉིན་མོ་དེར
ང་དང་ཁྲག་རྒྱུན་གཅིག་པའི་གྲྭ་བ་དེས
མགོ་བོ་གཟན་གྱིས་བཏུམས་ནས་མེ་ནང་ནས་བུད་སོང
ང་དང་དཔང་ཁག་གཅིག་པའི་དཔའ་བོ་དེས
ཁུ་ཚུར་གནམ་ལ་འཕྱར་ནས་བུད་སོང
ཞི་བདེའི་ངུ་སྐད་འབྱིན་པའི་མགྲིན་པ་དེ་ཚིག་སོང
དྲང་བདེན་ལྷང་ལ་བུད་པའི་ངོ་གདོང་དེའང་འབར་སོང
སྙིང་གཏམ་བྲང་ལ་སྦྱར་བའི་གྲོད་པ་དེ་ཞི་སོང
ཕྱིར་མིག་གི་ཞེ་འབྲས་གང་ཡང་མེད་པར
ལུས་པོ་ཡོངས་རྫོགས་མེ་ནང་ནས་བུད་སོང་བའི་གྲྭ་བ་དེ
སུ་ཞིག་གི་ཆེད་དུ ཡང་ན
གང་ལ་བུད་སོང་བ་ཡིན་ནམ
སྤུན་ཟླ་སྟེ
ངའི་ཡིད་ཁམས་ན་ཁྲག་དམར་བཞིན་འཕྱོ་བའི་སྙིང་གྲོགས
གཟི་བརྗིད་ཀྱིས་ཕ་ས་སྒུལ་བའི་སྙིང་སྟོབས་དེའང སྲ་འཁྲེགས་ཀྱི་ཁུ་ཚུར་བྲང་ལ་བརྡར་བའི་རྟའི་གོམ་འགྲོས
དེའང
ལྷག་བསམ་གྱི་མིག་ནས་འོད་མདངས་འཚེར་བའི
གངས་དཀར་རྩེའི་འོད་ཟེར་དེའང
དམར་ལམ་ལམ་གྱིས་མཆེད་པའི་མེ་ལྕེའི འཁྱུགས་འགྲོས་ནས་མངོན་བྱུང
ལོ་རྒྱུས་ཀྱི་རྡོ་རིང་ནས་འབུར་དུ་ཐོན་པའི
མི་ཐོག་འདིའི་སྙིང་གི་མི
ཁྱེད་རང་བཞུད་སྟངས་དེས
ང་ལ་རྐང་འོག་གི་ས་ཆེན་འགུལ་བྱུང་བའི
སྣང་བ་ཞིག་སྐྱེས་འོང་ལ
མགོ་ཐོག་གི་ནམ་མཁའ་ནུབ་སོང་བའི
སྣང་བ་ཞིག་ཀྱང་སྐྱེས་བྱུང
༢༠༡༡ ༨ ༡༦