སྤྱི་འཐུས་སྒྲོལ་མ་ཚེ་རིང་གིས་མགོ་མ་ཚོས་ཁ་ཤོར་སོང།

དོན་དུ་སྒྲོལ་མ་ཚེ་རིང་གིས། གྲོས་ཚོགས་ནང་འཁྱེར་གྱི་ཡིན་ཞེས་བརྗོད་མཁན་དེ་མོ་རང་གིས་མགོན་སྐྱབས་སུ་ངོས་འཛིན་བྱེད་བཞིན་པའི་ཚོགས་གཙོ་སྤེན་པ་ཚེ་རིང་ཡིན་པ་ཤེས་རྟོགས་མ་ཐུབ་ནས་བརྗོད་པ་ཞིག་ཡིན་འདུག ད་དུང་སྒྲོལ་མ་ཚེ་རིང་གིས་ངས་རྟོན་བཞི་ཟེར་བ་ཤེས་ཀྱི་མེད། སྤྱི་འཐུས་བོད་ཡིག་ཡག་པོ་ཤེས་མཁན་ཚོར་སྐད་ཆ་དྲིས་ནས་གཞི་ནས་ཤེས་སོང་ཞེས། བརྗོད་ཚུལ་དེ་ལ་བལྟས་ན་དངོས་གནས་སེམས་སྐྱོ་དགོས་པ་ཞིག་རེད་དེ། མོས་སྐད་ཆ་དེ་རྫིག་ཉམས་དོད་པོ་བྱས་ནས་བཤད་སོང། ངས་ཉིན་སྔོན་འོད་སྡེར་ཞིག་གི་ནང་མཐོང་པ་ཞིག་ལ། སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དང་པོའི་མཇུག་ཏུ་སྒྲོལ་མ་ཚེ་རིང་གིས་ཟམ་གདོང་རིན་པོ་ཆེ་ལ་ངོ་བསྟོད་ཀྱི་གཏམ་བཤད་བྱས་པའི་ནང། ང་ནི་ཟག་བཅས་ཀྱི་ཕུང་པོ་འཁྱེར་མཁན་གྱི་མི་ཞིག་ཡིན་ཞེས་ལབ་སོང་བས། ངས་མོ་ནི་ཆོས་ཚིག་དང་ཆོས་ཀྱི་འགྲོ་སྟངས་ཅུང་ཤེས་མཁན་ཡིན་ས་རེད་བསམ་སོང། དེ་རིང་ཡོངས་སུ་གྲགས་པའི་རྟོན་བཞིའི་སྐོར་ཤེས་ཀྱི་མེད་ཟེར་དུས། ཟག་བཅས་ཀྱི་ཕུང་པོ་ཞེས་སྦོམ་བཤད་བྱས་པ་དེ་ཨ་ཁུ་ནེ་ཙོས་མ་ཎི་འདོན་པ་དང་གཅིག་པ་གཅིག་རྐྱང་ཡིན་པ་ཤེས་སོང་ལ། སྐད་ཆ་དེ་ནི་སྟོང་བཤད་དང་སྦོམ་བཤད་ཀྱི་རྣམ་པ་ཡིན་པའང་ཤེས་ཚོར་བྱུང། ད་དུང་མོས། ཆོས་སྲིད་ཟུང་འབྲེལ་ཟེར་ནས་སྐད་ཆ་འགའ་བཤད་སོང་བས་དེ་ཡང་སྟོང་བཤད་རེད་འདུག

 

ད་དོན་དངོས་ལ་འཇུག་ན། སྤྱི་འཐུས་སྒྲོལ་མ་ཚེ་རིང་གིས། “ད་ལྟའི་ཆ་ལ་གང་ལྟར་གཏན་ལ་ཕབ། (༧གོང་ས་མཆོག་གིས)མཚན་རྟགས་བཀོད་པའི་རྩ་ཁྲིམས་ནང་ལ་དབུས་བོད་མིའི་སྒྲིག་ འཛུགས་ Center Tibetan Administration ཅེས་པ་དེ་གཏན་ལ་ཕབ་པ་རེད། ཡང་ད་ལྟའི་ཆ་ལ་ཁོ་རང་ཚོས་བཀའ་གནང་རྒྱུ་དེ། གཞུང་འབྲེལ་མ་ཡིན་པའི་འདུ་འཛོམས་དེ་འདྲའི་ནང་ནས་བཀའ་མོལ་བྱུང་ནས་ཅིག་ཅིག་ བཟོ་ཡི་ཡིན། ཉིས་ཉིས་བཟོ་ཡི་ཡིན་ཟེར་བ་དེ་འདྲ་འགན་ཡོད་པའི་མི་ཁ་ཤས་ཀྱིས་ཁས་ལེན་དེ་འདྲ་ བྱས་འདུག་ཅེས་ང་འདིར་སླེབས་ནས་མ་གཏོགས་ངས་ཤེས་ཀྱི་མེད། སེམས་ཁྲལ་ཞེ་དྲག་རེད་བསམ་གྱི་ཡོད། གནས་ཚུལ་གང་དང་གང་ཡིན་ནའང་། སྒྲིག་འཛུགས་ཀྱི་ངོ་བོའི་ཐོག་ནས་རྒྱ་ཆེའི་མང་ཚོགས་ལ་དགོངས་སྐོར་ཞུས་ཏེ་ གྲོས་ཚོགས་འཐུས་མིས་ཐག་གཅོད་དགོས་པ་རེད་མ་གཏོགས། ཆང་འཐུང་ས་དང་། འདུ་འཛོམས་བྱུང་ས་དེ་འདྲའི་ནང་ནས་ཅི་འཕྲོས་མོལ་འཕྲོས་བྱུང་ནས་༧སྐྱབས་མགོན་ རིན་པོ་ཆེའི་མཚན་རྟགས་འཁོད་པ་དེ། དྲོད་མ་ཡལ་གོང་ནས་ཡང་འགྱུར་བ་གཏོང་རྒྱུ་དེ་འདྲ་བྱས་པ་ཡིན་ན། དངོས་གནས་ཡ་མཚན་ཞེ་དྲག་རེད། ང་འདྲ་པོ་ཡིན་ན་དེ་འདྲ་གནང་མཁན་སུ་ཡིན་པ་ཡིན་ན་ཡང་། དེ་དག་འགན་ཁུར་མཁན་ཞིག་ཡིན་ན་ནི་འགན་མ་ཁུར་པའི་རྣམ་པ་དེ་གསལ་པོ་ཆགས་བསྡད་ཡོད་པ་རེད་ཅེས་སོགས་བརྗོད་སོང།