སྤྲུལ་སྐུའི་མཛད་པ། གྲྭ་ལོག་གི་སྤྱོད་པ། ནུབ་ཕྱོགས་ཀྱི་ཆགས་སྤྱོད།

སྤྲུལ་སྐུ་སེང་རྡོར་གྱིས་ཆགས་པའི་འགྲེལ་བཤད་བརྩམས་ཤིང་། སྒོ་མོ་སྤྲུལ་སྐུས་ཆགས་པའི་ཉམས་འགྱུར་ཅན་གྱི་གཞས་གར་འཁྲབ། འདི་ནི་སྤྲུལ་སྐུའི་ནང་ནས་ཅུང་ཟུར་ཐོན་གྱི་སྤྲུལ་སྐུའི་མཛད་སྤྱོད་མ་འདྲ་བ་གཉིས་ཡིན་ཞིང་ཧམ་པ་ཆེན་པོས་ངན་བྱས་ངོ་སོ་རུ་ངོམ་པའི་སྤྲུལ་སྐུའི་མཛད་སྤྱོད་གཉིས་ཀྱང་ཡིན། ད་དུང་མཛད་སྤྱོད་གང་གི་ཆ་ནས་ཀྱང་བསྟན་པ་དང་བཟང་སྤྱོད། སྤྲུལ་སྐུ་བཅས་ཀྱི་ཞབས་འདྲེན་པའི་སྤྲུལ་སྐུ་མི་ཉུང་བ་ཞིག་ང་ཚོའི་མཐོང་ཡུལ་དུ་མངོན་བཞིན་ཡོད། ལར་ནས་སྤྲུལ་སྐུའི་མཛད་སྤྱོད་སོ་སྐྱེ་ཕལ་བ་ཞིག་གིས་ལེགས་ཉེས་འབྱེད་དུ་མི་བཏུབ་པའི་གནས་ལུགས་དེ་ཁས་ལོས་ལེན་ཏེ་དངོས་མཐོང་མངོན་སུམ་གྱི་བསྟན་པའི་ཞབས་འདྲེན་པའི་བྱ་བ་འདི་ཚོར་ཅི་མཛད་ལེགས་པར་མཐོང་བའི་གནས་ག་ལ་ཡོད།

ལེགས་ཉེས་འབྱེད་པའི་བློ་གྲོས་ལྡན་ཞིང་བསྟན་པ་དང་བོད་ཀྱི་བཟང་སྤྱོད་ཡུན་གནས་ཀྱི་བསམ་པ་ཅན་ཚོས་འདི་ལྟ་བུའི་སྤྲུལ་སྐུའི་མཛད་སྤྱོད་ཀྱི་ལེགས་ཉེས་བརྟག་དགོས་ཤིང་མཛད་སྤྱོད་དེ་དག་གིས་སྤྱི་ཚོགས་ལ་ཤུགས་རྐྱེན་ཇི་ཐེབས་དང་། འཚར་ལོངས་འབྱུང་བཞིན་པའི་སྤྲུལ་སྐུ་ཚོར་ཤུགས་རྐྱེན་ཇི་ཐེབས། དད་ལྡན་མང་ཚོགས་དང་བསྟན་པའི་སྦྱིན་བདག་ཚོར་ཚོར་བ་གང་སྦྱིན་གྱི་ཐད་ལ་བསམ་ཞིབ་གནང་དགོས། སྤྲུལ་སྐུའི་མིང་ཡོད་པ་ཙམ་གྱིས་ཐར་བའི་གོ་འཕང་ཐོབ་དགོས་པ་དང་གྲུབ་པའི་གོ་སར་གཤེགས་དགོས་པའི་ཆེ་བཤད་མ་ཡིན་ཡང་སྤྲུལ་སྐུ་ཞིག་གི་གནས་བབ་ཀྱི་ངོས་ནས་བལྟས་ན་མ་མཐའ་ཡང་མི་ནག་ཕལ་བ་ཞིག་གི་བྱ་སྤྱོད་དང་བསྡུར་ས་མེད་པ་ཞིག་ངེས་པར་དགོས་ངེས་སྙམ་པའི་བསམ་བློ་འདིས་སྤྲུལ་སྐུ་རྣམ་པ་དང་སྤྲུ་སྐུའི་འབྲེལ་ཡོད་རྣམ་པས་སླད་ཀྱི་ཆར་བསྟན་པ་དང་བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་ལ་ཐུགས་བསམ་རེ་བཞེས་རོགས་ཞུ་ཞེས་ཞུ་བར་ཐལ་ལོ།།

སྤྲུལ་སྐུ་དང་གྲྭ་བ་གཉིས་ལ་བསྟན་པ་འཛིན་སྤེལ་གྱི་འགན་འཁྲི་ཆ་མཚུངས་སུ་ཡོད་ཅིང་བོད་མི་རིགས་ཀྱི་བཟང་སྤྱོད་མཐོར་འདེགས་ཀྱི་འགན་འཁྲི་རང་ཤུགས་ཀྱིས་ཡོད་པའང་གཅིག་མཚུངས་རེད། གྲྭ་བ་ལོག་པ་དང་ཡོད་ཚད་བསྒྱུར་དགོས་དོན་མེད་ལ་སེམས་ཅན་ལ་བྱམས་སེམས་དང་། རྒྱུ་འབྲས་བརྩི་སྲུང་། ཡ་རབས་བཟང་སྤྱོད་སོགས་ཀྱི་ཐད་ནས་མི་ནག་ཕལ་བ་དག་དང་མ་འདྲ་བའི་ཆ་ཞིག་ངེས་པར་དུ་ཡོད་འོས། རྒྱུ་མཚན་ནི་ལོ་མང་རིང་ཡ་རབས་བཟང་སྤྱོད་དང། བྱམས་བརྩེ། བསམ་ཤེས། འགྲོ་ཕན་རང་བཞིན་གྱི་སློབ་གསོའི་འོག་ནས་འཚར་ལོངས་བྱུང་བ་རེད། གྲྭ་བ་ལོག་པ་ནི་ཁས་བླངས་པའི་བཅས་ཁྲིམས་ཀྱི་ཟུར་ཞིག་ཉམས་པ་དང་འཚོ་གནས་ལུགས་སྲོལ་ལ་འགྱུར་བ་ཐེབས་པ་ཙམ་ཞིག་ལས་བོད་གངས་ཅན་གྱི་གྲལ་ནས་བུད་པ་མ་རེད་ལ་ལས་རྒྱུ་འབྲས་ཀྱི་རྒྱ་ལས་ཐར་སོང་བ་ཡང་མ་རེད།

ཡ་རབས་བཟང་སྤྱོད་མི་དགོས་པ་དང་ཡོད་ཚད་རང་སྣང་གང་དྲན་བྱེད་ཆོག་པའི་བཀའ་ཁྲོལ་ཐོབ་པའང་མ་རེད། ཁྱེད་རང་གྲྭ་བ་ལོག་ན་ཡང་ཁྱེད་རང་བོད་གངས་ཅན་གྱི་གདུང་རྒྱུད་ཡིན། ཁྱེད་རང་བཟང་སྤྱོད་དང་བྱམས་བརྩེའི་བདག་ཉིད་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སློབ་མ་ཡིན། ཁྱེད་རང་ལ་བྱམས་བརྩེ་དང་བཟང་སྤྱོད་ཀྱི་སྙན་པ་མཐོ་བའི་མི་རིགས་ཤིག་གི་རུས་རྒྱུད་འབྲེལ་ཡོད། གྲྭ་ལོག་ཚོས་འདི་དག་ལ་བསམ་བློ་རེ་ངེས་པར་དུ་གཏང་དགོས། ཡ་རབས་བཟང་སྤྱོད་ནི་བོད་མི་རིགས་ཀྱི་སྲོག་དང་ཟུངས་རེད། ང་ཚོས་སྲོག་དང་ཟུངས་ལ་གཅེས་སྤྲས་ངེས་པར་དུ་བྱེད་དགོས། དེ་ནི་བོད་མི་རིགས་དང་རང་གི་རིགས་གཞུང་ལ་གཅེས་སྤྲས་བྱེད་སྟངས་ཤིག་ཀྱང་རེད།

གྲྭ་ལོག་ཨ་རིག་འགྱུར་མེད་ཀྱིས་འཁྲིག་པའི་ཆེད་ལས་གཉེར་ཞིང་(འཁྲིག་གཏམ་དམར་རྗེན་མ་འགྲེམས་སྤེལ་དང་གཞོན་ནུའི་འགྱུར་ཁུགས་དྲ་ཚིགས་སོགས་གཉེར་ནས་ཆགས་པ་དང་འཁྲིག་པའི་སྐོར་སྤྱི་ཚོགས་ལ་འགྲེམས་གང་ཐུབ་བྱེད་བཞིན་ཡོད།)གྲྭ་ལོག་བསམ་མེད་མདོ་མེད་འགས་དེ་ལ་བསྟོད་བསྔགས་འཐེན་བཞིན་གསར་གཏོད་དང་དེང་དུས་ཀྱི་འགྲེལ་བཤད་འོག་ནས་བྱས་རྗེས་ཆེ་རབས་ཟེར། འཇིག་རྟེན་གྱི་ཁྱིམ་པ་རང་ག་བ་ཞིག་གི་ངོས་ནས་འཁྲིག་བདེ་དང་ཆགས་སྲེད་སོགས་གལ་ཆེན་དུ་བརྩིས་བར་ནག་ཉེས་ཅན་དུ་བརྗོད་པར་མི་འོས་མོད། ངོ་ཚ་ཁྲེལ་ཡོད་དང་ཡ་རབས་བཟང་སྤྱོད་ཀྱི་གཏེར་མཛོད་ལྟ་བུའི་སྤྱི་ཚོགས་ཤིག་ཏུ་རང་གི་དགའ་ཕྱོགས་དང་ནུབ་ཕྱོགས་པའི་བྱེད་སྟངས་ལ་ལད་ཟློས་ཀྱིས་ངོ་ཚ་དང་གུས་བརྩི་སྤངས་ཏེ་མཇེ་སྟུ་ཁོ་ན་ཁྱབ་བསྒྲགས་བྱེད་པའི་བྱ་སྤྱོད་འདི་སྤྱི་ཚོགས་ལ་འགན་མ་ཁུར་བའི་བྱ་སྤྱོད་ཅིག་ཏུ་ངོས་འཛིན་བྱ་རྒྱུ་ལས་མ་འདས།

མཇེ་སྟུ་ཁོ་ནའི་གླེང་སློང་བྱེད་པ་དང་ཆགས་སྤྱོད་ཀྱི་དགེ་མཚན་རྒྱས་གླེང་བྱས་པའི་ཚགས་ཤོག་དང་དྲ་རྒྱ་དེ་དག་གིས་སྐྱུག་བྲོ་བའི་བག་ཆགས་དམར་པོ་རྐྱང་རྐྱང་ཁུར་འོང་ནས་འཇིག་རྟེན་ལ་རྒྱུས་མངའ་མེད་པའི་གྲྭ་བཙུན་ལོ་ཉུང་ཚོ་དང་སློབ་ཕྲུག་གཞོན་སྐྱེས་ཚོའི་སྙིང་ལ་ཆགས་པའི་ས་བོན་འདེབས་བཞིན་ཡོད། དེ་ནི་རྒྱ་ཆེ་ས་ནས་བཤད་ན་བསྟན་པ་ལ་རྨ་འབྱིན་པའི་བྱ་སྤྱོད་ཅིག་དང་བཟང་སྤྱོད་ལ་རྒྱ་གྲམ་འདེབས་པའི་ལས་བྱ་ཞིག་ཀྱང་ཅི་ལ་མིན། མ་གཞི་ནས་མཇེ་སྟུ་ཁོ་ན་གླེང་སློང་བྱས་པ་དེས་སུ་ཞིག་ལ་ཕན་གྱི་ཡོད་དམ་ཞེས་པའི་དྲི་བ་འདི་ང་ལ་མཚོན་ན་ནག་པོ་ནག་རྐྱང་རེད། རང་ཉིད་གང་ལ་དགའ་བའི་བྱ་སྤྱོད་དེ་རང་ཉིད་ཀྱིས་ལག་བསྟར་བྱེད་མི་བྱེད་ནི་ཡུལ་དུས་དེ་དང་དེའི་ཁྲིམས་དང་སྒྲིགས་གཞིར་མ་འགལ་བའི་ཆ་རྐྱེན་འོག་རང་འདོད་ལྟར་བྱས་ཆོག་མོད། དེ་ཉིད་སྤྱི་ཚོགས་སུ་འགྲེམས་སྤེལ་བྱེད་སྐབས་སྤྱི་ཚོགས་ལ་འགན་ཁུར་ཞིག་གི་ཐོག་ནས་བྱ་དགོས་པ་ནི་དཔྱོད་ཤེས་ལྡན་པ་ཞིག་གི་དམའ་རིམ་གྱི་འགྲོ་སྟངས་ཤིག་རེད། ཁོ་ཚོའི་བསམ་འདུན་ནི་བོད་པའི་སྤྱི་ཚོགས་འདི་ཆགས་སྲེད་ལ་བྱང་ཆ་ལྡན་ཞིང་ངོ་ཚ་རྫུ་བག་སྤངས་པའི་ནུབ་ཕྱོགས་པའི་སྤྱི་ཚོགས་ལྟ་བུ་ཞིག་ཏུ་བསྒྱུར་རྒྱུ་དེ་ཡིན་པ་འདྲ།

ཁྱི་དང་བ་གླང་ལྟར་མཐོང་ས་རིག་ས་ན་འཐམ་ཞིང་འཁྱུད་ནས་འཛག་ཅིང་སྤྱོད་པའི་སྤྱི་ཚོགས་ཤིག་ཏུ་བསྒྱུར་རྒྱུ་དེ་ཡིན་པ་འདྲ། མཇེ་སྟུ་ཁོ་ན་དམར་རྗེན་རྗེན་དུ་གླེང་ནས་འཁྲིག་གཏམ་དམར་པོའི་དབྱངས་ལ་ཐིམ་པའི་སྤྱི་ཚོགས་ཤིག་ཏུ་བསྒྱུར་རྒྱུ་དེ་ཡིན་པ་འདྲ། ཁྱེད་ཅག་གིས་བོད་རང་གི་སྐད་དང་ཡི་གེ་དར་སྤེལ་དང་རྒྱུན་འཛིན་གྱི་ལས་བྱ་གཉེར་བར་སྙིང་ནས་དགའ་བསུ་ཞུ་ངེས་ཀྱང་དྭངས་གཙང་ལྷད་མེད་ཀྱི་བོད་ཕྲུག་ན་གཞོན་ཚོའི་སེམས་ཀྱི་ཞིང་སར་འཁྲིག་གཏམ་དང་ཆགས་སྤྱོད་ཀྱི་ས་བོན་དམར་པོ་རྐྱང་རྐྱང་འདེབས་པར་དགའ་བསུ་ཞུ་རྒྱུ་ལས་ལྡོག་སྟེ་དགག་བྱ་མི་བྱེད་མཐུ་མེད་དུ་གྱུར། རྒྱུ་མཚན་ནི་དེང་སྐབས་བོད་མི་རིགས་ལ་ཡ་རབས་བཟང་སྤྱོད་ཆེའི་མཁོ་གལ་ཆེ་བ་དང་ཁྱེད་ཅག་གི་དཔེ་བལྟ་སའི་ནུབ་ཕྱོགས་པའི་ཆགས་སྤྱོད་ཕྱོགས་ཀྱི་བྱ་སྤྱོད་དེ་ཚོ་མི་ཆོས་དང་ཡ་རབས་བཟང་སྤྱོད་ཀྱི་ལྡོག་ཕྱོགས་ཏུ་ཕྱིན་ཡོད་པས་སོ།།

སྤྱིར་བཏང་ཨ་གསར་ཆེ་བའི་དེང་གི་གཞོན་ནུ་ཚོས་ཡུལ་ལུང་གཞན་གྱི་བྱ་སྤྱོད་ཐམས་ཅད་ལེགས་པར་བརྩིས་ནས་འདུལ་དྲགས་པའི་ཉེས་སྐྱོན་གྱིས་ཡ་རབས་བཟང་སྤྱོད་དང་ཚུལ་མཐུན་ཆོས་ཉིད་ལ་བརྩིས་མེད་གཏོང་བཞིན་ཡོད། ཆགས་སྤྱོད་གློག་བརྙན་ལ་བལྟ་བ་སོགས་ཆགས་འཕེལ་གྱི་ལས་སུ་གཞོལ་མཁན་མཐོང་ཐོས་བྱུང་བ་ཙམ་གྱིས་ཕྱིར་འབུད་གཏོང་མཁན་གྱི་དགོན་པ་གྲྭ་ཚང་ཁག་ནའང་འཁྲིག་གཏམ་དམར་རྗེན་དུ་བཤད་པའི་དེབ་དང་། མཇེ་སྟུ་ཁོ་ན་གླེང་བའི་ཚགས་པར་སོགས་ཅི་འདོད་འདོད་དུ་ཚོང་འགྲེམས་བྱེད་དུ་བཅུག་པ་ནི་ཡ་མཚན་པ་ཞིག་གོ། མདོར་ན་སྤྲུལ་སྐུ་དང་གྲྭ་ལོག་འགའ་ཞིག་གིས་ནུབ་ཕྱོགས་པའི་བྱ་སྤྱོད་ཚང་མ་མཆོག་དང་རྒྱན་དུ་བལྟས་ནས་སྤྱི་ཚོགས་དང་ཁོར་ཡུག་གང་ལའང་འགན་ཁུར་མེད་པའི་བྱ་སྤྱོད་ལག་ལེན་དུ་སྟར་བཞིན་པ་འདི་དག་གི་དགེ་སྐྱོན་དང་། དེའི་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན། བྱ་སྤྱོད་འདིས་བོད་ཀྱི་སྤྱི་ཚོགས་ལ་བཟང་ངན་གང་ཞིག་གི་ས་བོན་འདེབས་ཀྱི་ཡོད་བསམ་པར་རིགས་སོ།། བསམ་ཚུལ་འདི་ནི་ང་རང་གྲྭ་བ་ཞིག་གི་ངོས་ནས་མིན་པར་ནང་བ་སངས་རྒྱས་པ་ཞིག་དང་འཛམ་གླིང་ཐོག་ཡ་རབས་བཟང་སྤྱོད་ཀྱི་མཚན་སྙན་ཡོད་པའི་བོད་མི་རིགས་ཀྱི་རིགས་སུ་གཏོགས་པའི་སྐྱེ་བོ་ཞིག་གི་ངོས་ནས་བཤད་ཀྱི་ཡོད་ལ་བོད་སྤྱི་ལ་བསམ་པའི་འདུ་ཤེས་ཤིག་ལས་གང་ཟག་སྒེར་ལ་དམིགས་པའི་འཁོན་འཛིན་ཞིག་གཏན་ནས་མིན་ནོ།།

2011/8/17ལ་བྲིས།