ཨུ་རྒྱན་བསྟན་འཛིན་དང་འགྲོ་བ་མིའི་ཐོབ་ཐང།
ད་དུང་ཁོས་ཚོགས་པའི་མིང་ཐོག་ནས་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་སྐབས། ས་གནས་མང་པོའི་ནང་བསྐོར་བསྐྱོད་བྱས་ཏེ་ཁོ་རང་ཁྱབ་བསྒྲགས་བྱས་ཡོད་པ་དང། བར་མའི་འོས་བསྡུའི་སྔོན་འགྲོ་ཁྱབ་བསྒྲགས་ཟིན་པ་དང་སླར་ཡང་ཚོགས་པའི་མིང་ཐོག་ནས། དབུས་གཙང་གི་མི་འབོར་མང་ཤོས་མོན་གྷོ་ས་གནས་སུ་གཞིས་ཆགས་ཁག་མང་པོའི་ས་གནས་འཐུས་ཚོགས་ཁག་གི་ཚོགས་གཙོ་སོགས་བསྡུ་བསྐོངས་ཀྱིས་ལོགས་སུ་འཚོགས་པ་དང། མོན་གྷོའི་མི་མང་མ་ཡོང་ན་བརྒྱ་དཔོན་ཁག་གིས་ཆད་པ་གཅོད་དགོས་པའི་སྐུལ་མ་བྱས་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་གི་ངོས་ནས་ཟབ་སྦྱོང་གི་དུས་ཚོད་འདི་འདྲ་ཞིག་ལ་བདམས་དགོས་དོན་གང་ཡིན་ནམ་ཞེས་བོད་མི་ཚང་མས་བགྲོ་གླེང་བྱེད་ཡུལ་དུ་གྱུར། ཉེ་སྔོན་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་སུ་བུ་མོ་དྭང་བླང་བ་ཞིག་ཡོད་པ་དེས། ལས་ཁུངས་དེའི་ནང་ཞབས་ཞུ་ནས་ལོ་བཅུ་ཕྲག་བརྒལ་ཟིན་པའི་ལས་བྱེད་གཅིག་ལ་ལག་པ་བཀྱགས་ནས་འཁྲུག་འཛིང་ཤོར་ཡོད་པ་དང། རྗེས་སུ་ཨུ་རྒྱན་བསྟན་འཛིན་གྱིས། བུ་མོ་དེའི་ཕ་རྒན་འབྱོར་ལྡན་དང་དབང་ཆེན་ཡིན་རབས་དང་བུ་མོ་དེའི་ཆེད་དུ་ལས་ཁུངས་སུ་བཅར་བྱུང་བས། ཉེས་རྡུར་གཟེད་མཁན་གྱི་ལས་བྱེད་དེས་བུ་མོ་དེ་ལ་དགོངས་སེལ་ཞུ་དགོས་ཞེས་བཙན་བཀའ་བཏང་རུང། ལས་བྱེད་དེས། སྔོན་ལ་བུ་མོ་དེས་ང་ལ་ལག་པ་བཀྱགས་ཡོད་པ་དང་དེ་བཞིན་ངས་ལས་ཀ་བྱས་ནས་ལོ་བཅུ་ཕྲག་བརྒལ་སོང། བུ་མོ་དེས་ལས་ཁུངས་སུ་ལས་ཀ་བྱས་ནས་ཟླ་གྲངས་གཉིས་ཙམ་སོང་པ་རེད་དེ་ཡང་དྭང་བླང་བ་རེད། ཕ་རྒན་སླེབས་ཀྱང་རུང་མ་སླེབས་ཀྱང་ཐག་གཅོད་དྲང་བདེན་བྱེད་དགོས་ཞེས་ཞུ་བ་བྱས་པས། ཁོས་ངས་འགན་འཛིན་ལྷན་ཚོགས་བསྐོངས་ནས་ཐག་གཅོད་བྱེད་ངེས་ཡིན། གནས་སྐབས་ཁྱེད་རང་གཉིས་ཀས་ལས་ཀ་བྱེད་མི་དགོས་ཞེས་བརྗོད་དེ་ཟླ་གྲངས་མང་པོ་སོང་ཟིན་རུང་ད་དུང་ཡང་ལས་བྱེད་རྙིང་པ་དེ་ལས་མེད་བྱས་ནས་བཞག་ཡོད་པ་རེད། ཐག་གཅོད་བྱེད་སྟངས་དེ་ལུགས་མཐུན་གང་ཡིན་མིན་དྷ་སའི་མི་མང་གི་ཁ་ནས་གྲགས་བཞིན་འདི་རེད། འདི་དང་འདི་འདྲ་བའི་ལས་དོན་བྱེད་ཕྱོགས་ཤིན་ཏུ་མང་བས་ཞིབ་འཇུག་བྱས་དགོས་པ་དང། དེ་བཞིན་འོས་འཕེན་མཁན་གྱི་མི་མང་ཚོས་ཀྱང་བསམ་བློ་ཞིབ་ཚགས་གཏོང་དགོས་པའི་དུས་ལ་བབ་ཡོད།