གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་བརྒྱད་པ་མཇུག་དྲིལ་བ།
དེ་ཡང་རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱི་གནས་ཚུལ་མཁོ་གཏོང་གནང་བའི་ནང་འཁོད་དོན། ཕྱི་ཟླ་༨ པའི་ཚེས་༢ ཉིན་ནས་ཉིན་ལྔའི་རིང་མདོ་ཁམས་རྫ་ཆུ་ཁའི་རྫ་དྲེལ་དཀར་དགོན་དུ་གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་བརྒྱད་པ་འཚོགས་གནང་ཡོད་པ་དང་། ཚོགས་འདུ་དེར་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས། རྫ་་སེལ་ཤུལ་དགོན་གྱི་ཁྲི་པ་དགེ་བཤེས་ལྷ་རམས་པ་འཇམ་དཔལ་བློ་ཤེར། རྫོགས་ཆེན་ཤྲི་སེང་བཤད་གྲྭའི་མཁན་ཆེན་ཁྲི་འཛིན་མཁན་པོ་ཨ་ཆོས། ར་རྒྱ་ཤེས་རིག་ནོར་གླིང་གི་གླིང་གཙོ་འཇིགས་མེད་རྒྱལ་མཚན་སོགས་ཕྱོགས་སོ་སོ་ནས་མཁན་པོ་དང་དགེ་བཤེས་རིགས་པ་སྨྲ་བ་བཅས་སུམ་བརྒྱར་ཉེ་བ་ཙམ་ཕེབས་ཡོད་ཅིང་། ཉིན་དང་པོ་གསུམ་ལ་མཁས་པ་ཁག་གིས་བརྗོད་གཞི་མི་འདྲ་བ་སོ་སོའི་སྟེང་ལ་ཞིབ་ཅིང་ལྷུག་པའི་བཀའ་མོལ་གནང་རྗེས། ཉིན་བཞི་པར་ཆོས་བརྒྱུད་ཆེན་པོ་ཁག་གི་འཐུས་ཚབ་རང་བཞིན་གྱི་ཆོས་སྨྲ་བ་ཆེན་པོ་དག་གིས་གྲུབ་མཐའ་སོ་སོའི་དབུ་མའི་ལྟ་གྲུབ་ཀྱི་བཞེད་མཚམས་ལས་བརྩམས་པའི་བཀའ་སློབ་གནང་ཡོད་པ་དང་། དེ་ཡང་རི་བོ་དགེ་ལྡན་པའི་ལྷ་རམས་པ་འཇམ་དཔལ་བློ་ཤེར། སྔ་འགྱུར་རྙིང་མའི་བླ་རུང་མཁན་པོ་ཆོས་ཐོ། འགྲོ་མགོན་བཀའ་བརྒྱུད་པའི་མཁན་པོ་ཚེ་དབང་བཀྲ་ཤིས། དེ་བཞིན་དཔལ་ལྡན་ས་སྐྱ་པ་དང་། རྒྱལ་བ་ཇོ་ནང་པའི་སྐུ་ཚབ་བཅས་ཀྱིས་གསུང་བཤད་གནང་ཡོད་པ་དང་། སྤྱིར་ཚོགས་འདུ་འདིར་ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་པའི་དགེ་འདུན་པ་མཉམ་ཞུགས་གནང་ཡོད་འདུག
དེ་ལས་ཀྱང་བླ་རུང་བཀའ་བརྒྱུད་འཛིན་གྲྭའི་མཁན་པོ་ཚེ་དབང་བཀྲ་ཤིས་ཀྱིས་གཞི་རྩའི་བཀའ་སློབ་བཀའ་བརྒྱུད་གྲུབ་མཐའི་ཐོག་ནས་གསུངས་ཤིང་། མཇུག་ཏུ་ཆོས་བརྒྱུད་ཁག་གི་མཐར་ཐུག་གི་དབུ་མའི་ལྟ་བ་འགལ་མེད་ཡིན་པའི་འབེལ་གཏམ་ཧ་ཅང་རྒྱས་པར་གསུངས་པར་ཚོགས་ཞུགས་པ་ཡོངས་ནས། ད་སྔོན་ང་ཚོས་སེམས་ཤུགས་དང་ལྷག་བསམ་གྱིས་རིས་མེད་ལབ་བསྡད་པ་དེ་ད་ཆ་ལུང་རིགས་ཀྱི་ལམ་ནས་རིས་མེད་དུ་གྲུབ་པ་རེད་ཅེས་གདེངས་འཇོག་ཆེན་པོ་གནང་བར་མ་ཟད། ལོ་སྔ་མ་ཁག་གི་གྲུབ་མཐའ་ཕན་ཚུན་བགྲོ་གླེང་སྐབས་དང་བསྡུར་ན་བཀའ་མོལ་གྱི་འགང་དང་། ཕན་ཚུན་བརྡ་འཕྲོད་སྟངས། དོན་ལ་གཅིག་གྱུར་ཡིན་པའི་ཐུན་མོང་གི་འདུ་ཤེས་འཁྱེར་སྟངས་བཅས་མངོན་གསལ་ཆེ་བའི་ཡར་རྒྱས་ཕྱིན་ཡོད་པའི་མྱོང་ཚོར་ཡང་གཅིག་མཐུན་དུ་བྱུང་འདུག
དེ་བཞིན་ཉིན་བཞི་པར་ཨ་རིག་འབྲུག་གྲགས་རིན་པོ་ཆེ་ཆེད་ཕེབས་ཀྱིས་བཀའ་སློབ་དང་། ཉིན་ཐ་མར་མཇུག་བསྡོམས་ཀྱི་མཛད་སྒོའི་ཐོག་མཁས་པའི་ལྷན་ཚོགས་དང་ཚོགས་ཞུགས་པ་ཐུན་མོང་གི་ངོས་ནས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་། ར་རྒྱ་འཇིགས་མེད་རྒྱལ་མཚན། ལྷ་རམས་པ་འཇམ་དཔལ་བློ་ཤེར་བཅས་ལ་《གངས་རིའི་རྩ་ལག》་ཅེས་པའི་ཕུལ་བྱུང་གཟེངས་ཡིག་ཅིག་ཀྱང་འབུལ་ལམ་ཞུས་པ་དང་། ཉིན་དེར་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དངོས་སུ་བཞུགས་མེད་སྟབས་བླ་རུང་མཁན་པོ་གང་བསམ་ལྷུན་གྲུབ་ནས་ཁོང་གི་ཚབ་གནང་ནས་གཟེངས་རྟགས་བཞེས་གནང་མཛད། དེ་ཡང་གཟེངས་རྟགས་ཀྱི་ཡི་གེར།
གངས་ཀྱི་རི་བོའི་གཙུག་ཏོར་མངོན་མཐོ་བར། །
ཉིད་ཀྱིས་བརྩེ་བས་བཞག་པའི་ཞབས་ཀྱི་རྗེས། །
རྡུལ་བྲལ་གསེར་གྱི་འོད་སྣང་འབུམ་བརྡལ་བ། །
སྲིད་པའི་མཐར་ཡང་ཀུན་གྱི་སྙིང་ལ་གནས། །ཞེས་སོགས་འཁོད་ཡོད་འདུག
གངས་ལྗོངས་མཁས་པའི་ལྷན་ཚོགས་ཀྱི་རྒྱུན་ལས་མཁས་མཆོག་རོང་བོ་བསྟན་པ་ཆོས་འཕེལ་དང་། སེར་ཤུལ་དགེ་བཤེས་ཐོས་བསམ་གཉིས་ཀྱིས་ཐེངས་འདིའི་ཚོགས་འདུ་ཚུགས་ཡུལ་དྲེལ་དཀར་དགོན་གྱི་མཁན་སྤྲུལ་གོ་སྒྲིག་པ་དག་ལ་གཟེངས་བསྟོད་ཀྱི་གཟིགས་གསོལ་དང་། ལག་བསྟར་དགོས་པའི་གྲོས་ཆོད་དོན་ཚན་ཁག་ཅིག་ཡོངས་བསྒྲགས་དང་འབྲེལ། འདས་པའི་ལོ་འདི་དག་གི་རིང་གངས་ལྗོངས་མཁས་པའི་ལྷན་ཚོགས་ཀྱི་ལས་བསྡོམས་སྙན་ཞུའི་གཏམ་བཤད་གནང་བར་མ་ཟད། དྲེལ་དཀར་དགོན་གྱི་ངོས་ནས་ཀྱང་གངས་ལྗོངས་མཁས་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་རྣམ་པར་དམིགས་བསལ་ཐུགས་རྗེ་ལེགས་འབུལ་གྱི་འབུལ་རྟེན་ཕུལ་ཏེ་རྒྱལ་ཁའི་ངང་ནས་མཇུག་དྲིལ་འདུག །
{jcomments on}
