མེ་ལྕེའི་ཁ་དོག་ལ་འཐིམ་པའི་རྣམ་ཤེས།
གསེར་གྱི་ཁང་བཟང་ཞིག་ཀྱང་ཕངས་སེམས་མེད།།
མི་རིགས་སྙིགས་ལ་ཐུག་པའི་དཀའ་ས་དེར།།
རིགས་རུས་གློ་བར་འདྲེས་པའི་ཕོ་རབ་ཅིག།
ཚེ་སྲོག་མེ་ལྕེར་ཐིམ་པའི་སྙིང་སྟོབས་རྨད།།
ཁ་ཕོར་འཁྱིལ་བའི་བྲོ་བ་འདྲ་མཉམ་ཡིན།།
ཕ་མའི་ཤ་ཁར་འབྱར་བའི་གཉེན་དུང་ཡོད།།
གཞིས་ཁར་འཚར་སྟངས་ཤིག་གི་ཁྱད་ཆོས་ཤིག།
མི་གཞིའི་ཁོག་པའི་རི་མོ་ཁ་ཁ་ཡིན།།
ནང་དམེ་རོ་ལངས་རྒྱག་པའི་ཕོག་ཐུག་ཤེས།།
གྲལ་རིམ་ཁྲག་གིས་སྦགས་པའི་ན་ཟུག་མཐོང་།
ཚོར་མེད་རྒྱལ་ཁབ་གླེང་བའི་འཁྲབ་ཚན་གྱིས།།
ཤེད་ཚུགས་མེད་པའི་གླེང་བརྗོད་སྔ་ནས་མཐོང་།
རྐུབ་སྟེགས་ཐེར་ཟུག་མེད་པའི་རླུང་ནག་ཁྲོད།།
ཁ་ཡིས་ཚོན་སྣ་འབྱུག་པའི་འཇའ་ཚོན་སྐད།།
གནམ་སྒོར་གྱེར་བའི་ཚིག་གི་ཨ་ལ་ལ།།
ས་སྒང་རྨི་ལམ་དཀྲོག་བའི་རེ་བ་དོགས།།
གནམ་སྒོ་བཀར་བའི་སྨྲེ་ངག་རུས་ལ་ཟུག།
ས་གཞིར་འདར་བའི་སྐྱོ་བ་སྙིང་ལ་འཁྱུག།
བཙན་པོའི་རུས་ལས་ཆད་པའི་དཔའ་སྐད་ཀྱིས།།
རུས་རྐང་མེ་རུ་སྒྲོན་པའི་རྡོ་རིང་བསླང་།
རྣ་ཁར་བཤུང་བའི་གཏམ་ལ་རིན་ཐང་མེད།།
གཞིས་ཁྱིམ་དྲོན་མོ་གླེང་སྟེ་རང་སྲོག་ཤོར།།
བྲོས་ཀྱང་གཞའ་ས་མེད་པའི་མི་རིགས་ཤིག།
དཀའ་སྡུག་མེ་ལྕེའི་གསེབ་ནས་ཕྱིར་བསྒྲགས་བྱེད།།
གསོན་ན་མུན་པའི་དམུ་ཐག་སྙིང་ལ་འཁྱུག།།
འཆི་ན་རུས་པ་དཀར་པོའི་རོ་ལངས་རྒྱག།
མུན་པའི་གཏིང་རུམ་བཙའ་བའི་ང་རོ་ཡིས།།
གོ་ལའི་མིག་ཀོང་མཆི་མའི་ལོ་རྒྱུས་བཤར།།
ཕྱོགས་ཀྱིས་འཐེན་པས་དམ་ཚིག་འཐོར་ལ་ཉེ།།
ཕ་མེས་སྐད་གདངས་གཉོམ་པོ་འཆི་ལ་ཁད།།
རིགས་རུས་སྤེལ་བའི་འདྲེ་ལག་བསྲིང་ཉིན་མོར།།
ཆག་སྒོ་ཐོ་ཡོར་ནག་པོ་བོད་ལ་བསླང་།།
གདོང་ལ་བཀལ་བའི་ཐ་སྙད་བཙན་གྱིས་བྲིས།།
སྲོག་གི་ཐིག་ལེ་མདེའུ་མལ་སར་གཟིམ།།
རིན་དུ་མེད་པའི་འཆི་སྟངས་སྐྱུར་མོ་ཞིག།
དེ་རིང་བོད་པ་ཚང་གི་མགོ་ལ་ཟགས།།
སྙིང་ལ་ན་ཟུག་འཁུམ་པའི་དེ་རིང་སང་།
སེམས་ཀྱི་དཔའ་རྩ་མ་གློད་ཆོལ་གསུམ་བོད།།
གློ་བའི་ཁ་དོག་འཕྱར་བའི་རེ་དོགས་ཀྱིས།།
བསམ་ན་གློ་སྙིང་མཆིན་གསུམ་ལྷོད་དུ་མེད།།
ལང་ཚོའི་མཆོད་མེ་སྤོར་བའི་བདེན་ཚིགས་ཀྱིས།།
བོད་པ་ཚང་གི་དབུ་འཕང་མཐོ་བར་ཤོག།
དྲང་བདེན་གནས་ལུགས་འབོད་པའི་ངེས་ཚིག་གིས།།
བོད་པ་ཚང་གི་རུས་རྐང་སྲ་བར་ཤོག།
བདེན་པའི་ཨུ་ཚུགས་ཀྱི་སྙིང་སྟོབས་ལ་རང་དབང་གི་བདེན་ཁར་སྤྲོད་པའི་རྒྱ་གར་རང་བཙན་གྱི་ཉིན་མོར་བོད་མི་རིགས་དང་གློ་བ་འདྲེས་པའི་རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུས་རང་ལུས་མེ་རུ་སྒྲོན་ཏེ་རང་དབང་དང་འདྲ་མཉམ་གླེང་བའི་མེ་ལྕེའི་ཁ་དོག་འདི་ནམ་ཡང་ང་ཚོའི་སེམས་ཁོང་ན་འོད་ཆེམ་ཆེམ་དང་གསལ་ལམ་ལམ་གྱིས་བཞུགས་ཡོད་པའི།སེམས་ཚོར་འདི་ཤར་མར་བྲིས།
ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༨ པའི་ཚེས ༡༧ ཉིན།།
