རླབས་ཆེན་ཚེ་སྲོག་མེ་རུ་བསྒྲོན་པ།

ཁོར་ཡུག་ཚེར་མས་ཁེངས་པའི་ངང་ཚུལ་ལ།།

སྙི་མོ་སེམས་ཀྱིས་བཟོད་པ་མ་ཐེག་ཏེ།།

བཙན་པོའི་སྙིང་སྟོབས་མཁྲེགས་པོའི་ཁུག་སོ་ནས།།

དོན་དངོས་གནས་ལུགས་སླད་དུ་མདུན་མཆོང་བྱས།།

 

ལྗིད་ཏིག་ཏིག་གི་གོམ་ཁ་རེ་རེ་ནི།།

སང་ཉིན་རྒྱལ་ཁ་མཚོན་པའི་ཐལ་སྒྲར་བྱས།།

བློས་བོར་ཟིན་པའི་རང་གི་དུས་གསུམ་རྣམས།།

རྒྱལ་ཁའི་རྨང་གཞིའི་ངོས་སུ་གནད་སྨིན་སྦྱོར།།

ཟ་ཧམ་མིག་ཟུང་རྒོད་པའི་བཞི་མདོ་རུ།།

གདོང་དམར་སྐྱིད་སྡུག་གསལ་བར་ཐོན་པའི་སླད།།

ཕྱིར་བལྟས་བོར་བའི་དམ་ཚིག་ལྕི་མོ་དེས།།

རིན་ཆེན་ཚེ་སྲོག་མེ་ཡི་རྩེ་རུ་བསྒྲོན།།

·

དམར་ལྷང་འབར་བའི་མེ་ལྕེ་སྟུག་པོ་དེས།།

སྨག་འོག་རྒྱལ་ཁམས་ཤིག་གི་དོན་དངོས་སྒྲོག།

ཚེ་སྲོག་ཕངས་མེད་བོར་པའི་གོམ་སྟོབས་དེས།།

ཁ་བའི་ལང་ཚོ་དགྲ་བོའི་མིག་སྔར་འགྲེལ།།

·

མེ་ལྕ་དམར་པོས་ཚེ་སྲོག་བཟས་ན་ཡང་།།

སྙིང་སྟོབས་གོ་ཆ་ཆེན་པོའི་ངར་ཤུགས་ཀྱིས།།

གདུང་བ་བདེ་བའི་དཔལ་དུ་བསྒྱུར་བྱས་ནས།།

མུ་མཐུད་སེམས་ཀྱིས་དམིགས་དོན་ཆད་མེད་གྱེར།།

·

དམར་རྗེན་བྲང་ཁ་ལེབ་མོའི་ངོས་ཁ་ན།།

མེ་ལྕེ་དམར་པོས་བཙན་ས་བཟུང་པའི་ཚེ།།

སྐད་ཅིག་ཐ་མའི་དབུགས་ཀྱི་རྒྱུ་བས་ཀྱང་།།

ལས་དབང་རྒྱང་འབོད་བྱས་པའི་སྐད་ངག་འབྱིན།

རུས་པ་མཁྲེགས་པ་ཨ་རོགས་ཁམས་པའི་བུས།།

ཕ་ཁུས་དགྲ་རྒོལ་བྱས་པའི་རྗེས་ཤུལ་ན།།

དོན་དངོས་གནས་ལུགས་རྙེད་པའི་རྟོགས་སད་ཀྱིས།།

རིན་ཆེན་ཚེ་སྲོག་སྐྱིད་སྡུག་ཁ་ཐེག་བྱས།།

·

ཚེ་སྲོག་བསྲེགས་སྦྱོར་བྱས་པའི་གོ་རིམ་གྱིས།།

གོ་ལའི་མིག་སྔར་གངས་རིའི་སྐྱོར་གར་བསྐྱལ།།

དོན་དངོས་སྐྱོ་གར་རྙེད་པའི་སྤྱན་ཅན་ཚོས།།

ཁྱེད་ཀྱི་སྐྱོ་བ་འཐུང་བཞིན་སྐྱོ་བ་གླེང་།།

·

མནར་གཅོད་ལན་དུ་ཕན་པ་བཏང་པ་ཡི།།

མི་དབང་སྤྱན་རས་གཟིགས་ཀྱི་ཕྱག་རྒྱ་འོག།

སྡང་བ་ཁོག་ཏུ་བཞུགས་པའི་དགྲ་བོ་ལ།།

རང་གི་ཚེ་སྲོག་དྲན་གཟོའི་སྐྱེས་སུ་འབུལ།།

·

ཚེ་སྲོག་ཕྱེ་མར་འཐག་པའི་ཁང་ཞིག་ནས།།

ལྷེམ་པའི་རྣམ་ཤེས་གནས་གཞི་སྤོས་པའི་ཚེ།།

དམ་ལ་བཏགས་པའི་འབོད་ཚིག་གཉིས་པོ་ལ།།

ཕྱིར་བལྟས་བོར་བཞིན་ཁོག་ཏུ་གཅུན་ནས་སོང་།།

དེའི་ཚེ་སྤྲིན་ཐོག་འཁོད་པའི་རྒྱལ་བ་ཡིས།།

བདེན་པ་བདེན་པར་བདར་པའི་སྲང་མཐིལ་ནས།།

བདག་མེད་རྣམ་ཤེས་བདག་ཏུ་བཟུང་བྱས་ནས།།

སླར་ཡང་གངས་རིའི་བདག་པོའི་དབང་བསྐུར་ཐལ།།

·

འབྲས་སྤུངས་བློ་གསལ་གླིང་འདུ་ཁང་གི་རབ་གསལ་ཁང་དུ་རྩོད་རྒྱུགས་ཀྱི་བར་གསེང་དུ་བྲིས། ༨ ༢༠ཉིན།

·

·

·

·

·

·