སི་རི་ཡའི་སྲིད་དབང་བསྒྱུར་བཅོས་གཏོང་དགོས།

ཨ་རིའི་ཕོ་བྲང་དཀར་པོ་ནས་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ་སྲིད་འཛིན་ཨོ་བྷ་མས་བརྗོད་དོན།   སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་མི་སེར་ཚོའི་ཐོག་ཆེས་གདུག་རྩུབ་གྱིས་དཔུང་རྒོལ་བྱས་པར་བརྟེན། སྲིད་འཛིན་བྷ་ཤར་ཨ་སཌ་ནང་མི་ཚོས་སི་རི་ཡའི་ཐོག་དབང་སྒྱུར་བྱེད་མི་འོས་པ་ཞིག་ཏུ་གྱུར་ཡོད་ཅེས་དང།    སྲིད་འཛིན་བྷ་ཤར་ཨ་སཌ་ནས་སི་རི་ཡའི་སྲིད་དབང་བསྒྱུར་བཅོས་གཏོང་རྒྱུ་ཁས་ལེན་བྱས་པ་དེ་དག་ལག་ལན་མ་བསྟར་བའི་ཁར་མི་སེར་དཀྱུས་མ་ ༢༠༠༠ བསད་ཡོད་པའི་གནས་ཚུལ་འཐོན་ཡོད་པ་རེད། ང་ཚོས་ཁོང་ལ་སི་རི་ཡའི་ནང་མང་གཙོའི་ལམ་ནས་སྲིད་དབང་མི་མང་ལ་རྩིས་སྤྲོད་བྱ་དགོས་པའི་རེ་སྐུལ་རིམ་པ་ཞུས་ཡོད་ཀྱང་། ཁོང་གིས་དེ་ལས་ལྡོག་ཏེ་མི་སེར་ཚོའི་ཐོག་གདུག་རྩུབ་ཀྱི་སྲིད་བྱུས་ལག་བསྟར་བྱས་ཏེ། སྲིད་དབང་རྩིས་སྤྲོད་བྱ་རྒྱུ་མིན་པའི་རྣམ་པ་བཏོན་འདུག་ཅེས་གསུངས་ཡོད་པ་རེད།

སྲིད་འཛིན་ཨོ་བྷ་མས་འབོད་སྐུལ་བྱས་པའི་རྗེས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང། ཡུ་རོབ་དང་དཀྱིལ་ཤར་ཡུ་གྲུའི་ནང་ཡོད་པའི་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་བཅས་ཀྱིས་ཀྱང་ཨ་རི་དང་ཁ་གཅིག་གྲགས་བྱས་ཡོད་འདུག ཨ་རི་སྲིད་གཞུང་གིས་ད་དུང་ཨ་རིའི་ནང་ཡོད་པའི་སི་རི་ཡའི་སྲིད་གཞུང་གི་རྒྱུ་དངོས་དང་ཚོང་ཟོག་བཅས་ལ་དོ་དམ་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་པ་རེད།།