སྤུན་ཟླར་ཕུལ་བའི་བརྩེ་འཕྲིན།

 

བརྗོད་བྱ་ཡི་གེའི་དག་ཐོབ་ཞན་ཞིང་།།

རྗོད་བྱེད་ཚིག་གི་སྡེབ་སྦྱོར་དམན་རུང་།།

སྤུན་ཟླ་དྲན་པའི་ཚིག་རྐང་རེ་ཟུང་།།

དཀར་འཇམ་དྲ་བའི་བཞིན་ངོས་བརྒྱུད་དེ།།

 

ལྷད་མེད་སེམས་ཀྱི་སྙིང་གཏམ་མཚོན་ཕྱིར།།

སོར་བཅུ་གར་གྱི་བདེ་མྱུར་བསྒྱུར་བཞིན།།

གསལ་བྱེད་སུམ་ཅུའི་བརྡ་འཕྲིན་ཁྲོད་ནས།།

ཡིད་མཐུན་སྤུན་ཟླར་འཚམས་འདྲི་ཞུ་འོ།།

 

ཟས་གཙང་སྲས་ཀྱི་བུ་སློབ་ཡང་དག་

བསླབ་ལྡན་ཁྲིམས་ཀྱི་དམ་ཚིག་གཙང་མ།།

ཐེག་ཆེན་ལྟ་བའི་རང་རྒྱུད་ཕྱུག་པ།།

ཕྱོགས་མེད་ཁྱོད་ཀྱིས་མཛད་བཟང་དག་ལ།།

 

གཟུར་གནས་སྐྱེས་བུའི་ངང་ཚུལ་ཅན་གྱིས།།

སྔོན་བྱོན་དམ་པའི་སྲོལ་བཟང་དགོངས་ཏེ།།

བསྟོད་དང་བསྔགས་པའི་ཤིས་ཚིག་ཁྲོད་ན།།

ཁྱོད་ཀྱི་མཛད་པར་ཡི་རངས་བྱས་འདུག།

 

ཟླུམ་གཟུགས་གོ་ལའི་ཕྱོགས་མཐའ་ཀུན་ནས།།

ཅང་མེད་དབུལ་པོའི་བདེ་སྡུག་སེམས་ཏེ།།

གཞན་ཕན་ཚོགས་པའི་སྡེ་འདི་བཙུགས་པར།།

བླ་མེད་ཐུགས་ཀྱིས་གཟི་དཔལ་ངོམ་འདུག།

 

གནས་འདིར་སྡོད་པའི་ཁོ་བོའི་ཁྱིམ་ནས།།

གཟུར་མེད་ལས་ཀྱིས་བདག་ལ་སྤྲད་པའི།།

ཤ་ཁྲག་འབྲེལ་བའི་ཚེ་གྲོགས་ལ་སོགས།།

ལུས་ཁམས་བདེ་ཞིང་འཚོ་བ་བཟང་འདུག།

 

སྤུན་ཟླའི་ཐུགས་ཀྱི་དགོངས་པའི་ཀློང་ནས།།

ཁོ་བོའི་ནང་མིའི་ཁྱིམ་གཞི་འདི་རུ།།

ཐུགས་ཁྲེལ་ཟབ་པའི་བརྩེ་འཕྲིན་བཏང་བར།་།

ལྷད་མེད་སྙིང་ནས་བཀའ་དྲིན་ཞུ་འོ།།

 

ཤེས་འབྱོར་གཉིས་ཀྱིས་ཁོ་བོ་ཞན་ཀྱང་།།

ལྷག་བསམ་གཙང་མས་ཁྱོད་ཀྱི་ཕྱོགས་ལ།།

གཙང་རྒྱུད་སྤུན་ཟླའི་དུང་སེམས་མཚོན་ཕྱིར།།

སྙན་མིན་ཚིག་གིས་ཡིག་ཆུང་ཕུལ་བ།།

 

ལྷག་རླུང་རྒོད་པོས་འཁུར་བ་མེད་ལ།།

ཆུ་དང་ཆར་པས་བརླན་ཀྱང་མི་སྲིད།།

མྱུར་མགྱོགས་གློག་གི་བང་ཆེན་ཐོག་ནས།།

དཀོན་མཆོག་རིག་གི་མིང་གནས་ཅན་གྱིས།།

 

དགོས་འདོད་ཟས་ཀྱི་བཅུད་བཟང་དབེན་པའི།།

མི་འདོད་ཚ་བའི་ལུས་སེམས་གདུང་ས།།

ཟ་འདོད་སེམས་ཀྱི་ཆོག་ཤེས་བརླག་ཡུལ།།

ཞེན་པ་ལོག་པའི་རྒྱ་གར་ཡུལ་ནས།།

 

དུས་ཁོམ་ལྡན་པའི་ཉིན་མོ་ཞིག་ལ།།

གང་ཤར་་འབྲི་མཁན་སྨྱོན་པ་བདག་གི

ནོར་འཁྲུལ་མང་བའི་འཕྲིན་ཐུང་འདི་ནི།།

དྲན་བསྐུལ་ཞིག་གི་ངོ་བོར་འབུལ་ལོ།།

 

 

ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢ ལ་བྲིས།།