༄༅།། མེ་དཔུང་ཁྲོད་ཀྱི་དཔའ་བོ་ཞིག་ལ་ཕུལ་བའི་སེམས་ཚོར་སྙིང་རླུང་ནག་པོ།
གདོང་དམར་བོད་པ་ཚང་གི་དཔའ་བོ་ཁེར་རྒྱུག།།
གནམ་འོག་འདི་ལ་སྐྱེས་བའི་ཕོ་རྒོད་སྟག་འདྲ།།
ལར་ཞེན་དམ་བཅའི་ཆོད་སེམས་སྙིང་ལ་སྐོས་ཏེ།།
སྙིང་སྟོབས་སྟོང་གི་དབུ་ཁྱུད་ཁྱེད་ཀྱིས་བྲིས་སོང་།
ཤ་ཁྲག་གཅིག་ལས་མཆེད་པའི་སྤུན་ཟླའི་ཆེད་དུ།།
རང་སྲོག་མེ་ལ་སྤར་བའི་དཔའ་བོ་ཁེར་རྒྱང་།
མི་ཡུལ་འདི་ལ་བཞག་པའི་ལོ་རྒྱུས་གསོན་པོ།།
དེ་རིང་གསར་འགྱུར་ཁྲོད་ནས་མངོམ་སུམ་མཐོང་སོང་།།
རྒྱ་རྒན་ཧམ་སེམས་ཚང་གི་ཡིག་ཚང་ནང་ལ།།
དྲང་བདེན་གསར་བའི་དཔང་རྟགས་ཁྱེད་ཀྱིས་གནངས་ཏེ།།
དམར་པོའི་གཞུང་ལ་བཞག་པའི་གསོན་སྙིང་དྲོན་མོ།།
རྒྱལ་སྤྱིའི་སྒང་ནས་དབྱེ་འབྱེད་འདི་ཡི་བྱེད་ཆོག།།
ཆོས་ལྡན་བོད་པ་ཚང་གི་རིག་གཞུང་རེ་རེ།།
རྒྱ་རྒན་སེམས་ནག་འདི་ཚོས་དམར་གསོད་བཏང་སྐབས།།
སྙིང་གི་མ་བཟོད་རང་ལུས་མེ་བསྲེགས་བྱས་པ།།
བྲེ་སེར་འབྲོང་གི་ཚ་བོ་འདི་ནས་གྲོངས་སོང་།
གཞིས་བྱས་སྤུན་ཟླ་འདི་ལ་མྱ་ངན་རེ་རེ།། ས་སྒང་ལེབ་མོ་འདི་ལ་གསར་འགྱུར་རེ་རེ།།
རྒྱ་རྒན་ཧོན་ལོག་ཚང་ལ་ན་ཟུག་རེ་རེ།།
དཔའ་རྒོད་ཁྱེད་ཀྱིས་བསྐྲུན་པའི་ཕོ་བྲང་གསར་པ།། སྙིང་སྟོབས་གངས་ལ་བྲིས་པའི་ཁྲག་རྒྱུན་དྲོན་མོ།།
འགྱུར་མེད་དམ་བཅའི་ངོགས་ནས་ཁས་བླངས་གསོན་པོ།།
གཞིས་ཁྱིམ་འདི་ལ་བཞག་པའི་ལོ་རྒྱུས་བརྟན་པོ།།
གངས་རིའི་རྩེ་ལ་བསྒྲོན་པའི་དཔའ་རྟགས་འདི་རེད།།
ལྷུ་ཚིགས་བར་ན་འཁོར་བའི་དུངས་ཞེན་དྲོན་མོ།།
ཁྲག་རྒྱུན་གསེབ་ན་འཕྱུར་བའི་ན་ཟུག་དམར་པོ།།
ཕ་ཁྱིམ་བདེ་སྐྱིད་ཆེད་དུ་དཀའ་སྤྱད་་རེ་རེ།།
གངས་རིའི་འགྲམ་ལ་བཞག་པའི་སྣང་བརྙན་གསལ་པོ།།
ཕ་ཁྱིམ་གཏོར་བཅོམ་བྱེད་པའི་རྒྱ་དམར་གོང་ཁྲན།།
ཧམ་བཤད་རྫུན་གྱིས་འཁོར་ལོ་བར་མེད་བསྐོར་ཀྱང་།།
གདོང་དམར་དཔའ་བོ་ཚང་གི་ཕོ་རྒོད་རེ་རེས།།
ཚེ་སྲོག་གཏའ་མར་འཇོག་པའི་ལོ་རྒྱུས་ཇེ་མང་།།
རང་སྲོག་ཕང་མེད་བཏང་བའི་བོད་ཀྱི་བུ་རྒོད།།
ཕ་ཁྱིམ་ཕུགས་བསམ་ཆེད་དུ་བློས་བཏང་རེ་རེ།།
ཁ་བ་གངས་ཅན་ལྗོངས་ལ་ལྷོད་མེད་གནངས་བ།།
དཔའ་བོ་ཡ་མེད་ཞིག་གི་བརྒྱུད་རིམ་འདི་རེད།།
རྒྱ་ཆེན་སྤོབས་སྟོབས་ཁུར་བའི་དཔའ་བོ་ཡ་མེད།།
གངས་རིའི་བདེ་སྟུག་ཁུར་བའི་ཨ་མིའི་བུ་རྒོད།།
དྲང་བདེན་ལར་ཞེན་ཕྱོགས་སུ་སེམས་ཤུགས་སྤར་བའི།།
འདྲན་མེད་་གངས་རིའི་ཁྲོད་ཀྱི་དཔའ་བོ་ཁེར་རྒྱུགས།།
ཕ་ཡུལ་པང་ནས་བཞག་པའི་གསེར་རྟའི་བུ་ངས།།
སིབ་སིབ་སྨུག་སྤྲིན་འཁོར་སའི་རྡ་སའི་རི་ནས།།
སྐྱོ་གདུང་ཁྲོད་ན་བཞུར་བའི་སེམས་ཚོར་རྣོན་པོ།།
དཔའ་རྒོད་ཁོང་ལ་སྤྲིངས་པའི་རྗེས་དྲན་འདི་ཡ སེམས་གཅོང་གི་ཚོར་བ་ཟབ་མོ་ཞིག་ཁྲག་རྩ་ནས་བར་མེད་འཁོར་སྐབས་རང་ཤག་ཉི་ཟེར་འཕྲོ་སའི་ བར་བརྩེགསནས་དཔའ་བོ་ཁོང་ལ་རྗེས་དྲན་གྱིས་ཚུལ་དུ་མདོ་ཁམས་ཡུལ་གྱི་ལྡོམ་བུ་ གསེར་རྟ་བསོད་ནམས་ཕུན་ཚོགས་སམ་གངས་འབྲོང་སྲས་སུ་འབོད་པས་བོད་ཀྱི་རྒྱལ་ས་གཉིས་པ་ བཞུགས་སྒར་རྡ་རམ་ས་ནས་སུག་བྲིས་སོ།། ༢༠༠༡༡ ༨ ༡༩