ཚེ་སྲོག་སྟོང་གི་རྨི་ལམ།
རིག་མཛོད་འབུམ་གྱི་འགྲན་ཟླར་བཞེངས་པའི་ཕྲ་རགས་ཤེས་པའི་དབྱེ་འབྱེད་ལས།།
གོ་ལའི་ཉི་ཟླ་དམན་ལ་ཕབས་པའི་གྲགས་སྙན་གླིང་བཞིར་ཁྱབ་དང་ལྷན།།
ཞི་བདེ་འགྲེལ་བའི་རྒྱུ་སྐར་བདག་པོ་སྐར་ཚོགས་ཡོངས་ཀྱིས་ཆེར་བཀུར་ཏེ།།
བདེན་དོན་ཉིན་བྱེད་མཁའ་ལ་ཤར་བའི་བགྲང་ཡས་རྨི་ལམ་ཀློང་ལ་ཉུལ།།
གནས་ལུགས་བཅུད་ཀྱིས་ཅི་དགར་འགྲང་པའི་གདོང་དམར་གསར་སྐྱེས་པདྨའི་ཚོགས།།
གདེང་ལྡན་སྤོབས་པའི་འདབ་མ་བརྟས་ཤིང་ཤེས་རིག་ཟེ་འབྲུའི་ལངས་ཚོ་རྒྱས།།
རིགས་ཀྱི་འདུ་ཤེས་ཐབས་ཀྱིས་སྤྱད་ཅིང་འཚེ་མེད་སྦྲང་རྩིའི་གོ་ཁྲབ་ཀྱིས།།
དམིགས་འདུན་བསུ་བའི་དུང་སྒྲ་སྙན་མོ་མི་རིང་ཐོས་པའི་རྨི་ལམ་རྒོད།།
འཐོར་མེད་ལྕགས་ཀྱི་གོང་བུར་འཕྱ་བའི་ཁ་དཀར་པོའི་ལྷུན་པོ་གསུམ།།
རབ་དམར་མེ་ཡིས་རབ་ཏུ་འབར་བའི་རྣོ་ལྕགས་ཁྲི་ཡིས་མི་ཚུགས་པར།།
གཏིང་ཟབ་ཕུགས་རིང་ལྟ་བའི་སྤྱན་གྱིས་གངས་དཀར་སྲུང་བའི་དམ་བཅའ་ཡིས།།
ཞི་བདེའི་ཆ་གཏེར་མཁའ་ལ་འདྲེན་པའི་སྣང་བའི་རྨི་ལམ་གྲངས་ལས་འདས།།
ཅང་ཤེས་རྟ་ཕོས་རྩལ་གྱིས་བཏེགས་པའི་ཞི་བསིལ་བྱམས་བརྩེའི་སྙན་པ་འབུམ།།
སྲིད་པའི་གྲོང་གི་གླུ་སྐད་ལ་འཁྱུད་ཟླུམ་གཟུགས་གོ་ལར་ཡོངས་ཁྱབ་ཏེ།།
གཉིས་ཕན་ཐབས་ཇུས་ལམ་དུ་ལྷོང་བའི་དགེ་མཚན་གསར་བའི་བསུང་ཞིམ་གྱིས།།
སྐྱེས་མཆོག་སྟོང་གི་རེ་སྨོན་བསྐྲུན་པའི་རྨི་ལམ་ཁྲི་ཕྲག་ཐོོལ་གྱིས་འཕྱུར།།
སུམ་གཉིས་ས་ལ་དབང་གིས་འགོམ་པའི་རྫོགས་ལྡན་སྐལ་བའི་དུས་ཚིགས་དེ།།
ཤེས་སྤོབས་ལ་རྒྱས་མི་རིང་བསུ་བའི་ཁ་བ་དཀར་པོའི་རྣམ་ཤེས་ཚོགས།།
དྭངས་གསལ་ཤེལ་གྱི་རང་གཟུགས་ལ་གྲུབ་རྟག་བརྟན་རྒྱལ་གཅེས་སྤོབས་པ་ཡིས།།
མཐོ་སྒང་གྲོང་གི་རླུང་རྟ་འདེགས་པའི་རྨི་ལམ་གཞོན་ནུ་སྙིང་ལ་ཞུགས།།
ཐུབ་བསྟན་གདུགས་དཀར་བླ་ན་འདེགས་པའི་སྐྱེས་མཆོག་སྟོང་གི་མཛད་པའི་ཆ།།
དེང་རབས་ཤེས་བྱའི་འོད་ཀྱིས་མ་བཏང་ཟུང་འབྲེལ་སྒྲུབ་པའི་སྤྱན་མིག་གིས།།
འཇིག་རྟེན་ཁྱད་ནོར་ཁྲོམ་ལ་འགྲེམས་པའི་སྙན་འགྱུར་ཁུ་བྱུག་དབྱངས་རྟའི་བཅུད།།
དཔྱོད་ལྡན་བློ་ཡིས་ནུས་པའི་ལྕིགས་པའི་རྨི་ལམ་རྒྱུ་བ་ཡིད་ལ་སིམ།།
དྭངས་གཙང་ཞིང་གི་སྙན་པ་འབར་བའི་ཁ་བའི་ལྗོངས་ཀྱི་ཁོར་ཡུག་ལས།།
བསིལ་འཇམ་དལ་འགྲོའི་སྨན་མཆོག་རོ་ཡིས་སྐྱེ་འགྲོའི་ལུས་ཟུང་བསྐྱེད་བྱས་ཏེ།།
སྲོག་དབུགས་འཛད་པའི་དཀའ་བ་ལས་དགྲོལ་རྙོག་བྲལ་བདུད་རྩིའི་དཔལ་སྟེར་ནས།།
འཛམ་གླིང་ཧྲིལ་བོའི་སྐྱེ་དགུའི་ཆེ་བསྟོད་གངས་ལ་འབུལ་བའི་རྨི་ལམ་འབུས།།
རྟོགས་སད་མེ་ཏོག་འོད་ཀྱིས་འཚེར་ཏེ་ཁྲིམས་མཐུན་དྲང་ལམ་ཤུགས་ཀྱིས་བཅད།།
རུལ་སུང་དགྲ་བགེགས་རྡུལ་དུ་བརླགས་ནས་རྨི་ལམ་གསར་བའི་སྐྱ་རེངས་བསུས།།
ཁྱད་འཕགས་རིག་གཞུང་ཐོས་པས་སྐྱོར་ཞིང་ཡང་དག་ཀུན་སྤྱོད་སེམས་པས་སྲུང་།།
གངས་ཀྱི་མཛེས་སྡུག་འོད་ཀྱིས་སྒེག་པའི་རྨི་ལམ་སྟོང་གིས་བདག་སྙིང་སྒུལ།།
རྨི་ལམ་འདི་ནི་ཞི་བདེར་དགའ་བའི་སྐྱེ་འགྲོ་སྟོང་གི་རྨི་ལམ་ཡིན།།
རྨི་ལམ་འདི་ནི་གཞན་ཕན་བསམ་པའི་བློ་གྲོས་འབུམ་གྱི་རྨི་ལམ་ཡིན།།
རྨི་ལམ་འདི་ནི་འཛམ་གླིང་བསམ་པའི་སྐྱེས་མཆོག་ཁྲི་ཡི་རྨི་ལམ་ཡིན།།
རྨི་ལམ་འདི་ནི་གངས་ལས་སྐྱེས་པའི་སྤྲེལ་ཚ་ཡོངས་ཀྱི་རྨི་ལམ་ཡིན།།
༢༠༡༡།༤།༡༨ལ་བྲིས།