བསྟན་སྲིད་ཀྱི་ཆེད་རང་ལུས་མེ་སྲེག་བཏང་བ་འཚེ་བ་གཏན་ནས་མིན།
དེ་ལྟར་རྩ་དོན་ཆེད་རང་ལུས་མེ་སྲེག་གཏོང་མཁན་དེ་དག་འཚེ་བ་ཡིན་མིན་སྐོར་སྤྱི་ཚོགས་ནང་གླེང་ཕྱོགས་སྣ་ཚོགས་ཡོང་གི་ཡོད་པ་དང་། ལྷག་པར་དུ་གསར་འགོད་པ་ཁག་ཅིག་གིས་དེ་དང་འབྲེལ་བའི་གནད་དོན་སྐོར་དྲི་བ་གཏོང་བའི་སྐབས་འཚེ་བའི་ལས་འདི་ལྟ་བུ་ཞེས་ཤོད་མཁན་འདུག་པས། དེའི་སྐོར་གསེད་བཀྲོལ་དོགས་སེལ་ཞིག་བྱེད་དགོས་པ་གལ་ཆེར་མཐོང་ནས་རེ་ཟུང་ཞིག་ཞུ་རྒྱུ་ཡིན།
རང་སྲོག་བློས་གཏོང་གིས་ནང་པ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེ་དང་བོད་ཀྱི་རྩ་དོན་ཞི་བའི་ཐོག་ནས་ཐག་གཅོད་ཡོང་ཐབས་སུ་རང་ལུས་མེ་སྲེག་གིས་རང་ཉིད་བློས་གཏོང་གནང་བའི་སྤོབས་པ་ནི། མི་དཀྱུས་མ་ཞིག་ལ་གཏན་ནས་ཡོད་མི་སྲིད་པ་རེད། དེ་ནི་ལྷག་པའི་བསམ་པ་རྣམ་པར་དག་པའི་ཀུན་ནས་བསླངས་པའི་རླབས་ཆེན་གྱི་མཛད་སྤྱོད་འབའ་ཞིག་ཡིན། གནད་དོན་འདི་ལ་ལྟ་བའི་སྐབས་སུ་སྔོན་བྱོན་ལོ་རྒྱུས་ནང་གི་སེམས་ཅན་ཆེན་པོས་སྟག་མོ་ལ་ལུས་སྦྱིན་པ་དང་། རྒྱལ་པོ་ཟླ་འོད་ཀྱིས་རང་གི་མགོ་བོ་བཅད་དེ་བྲམ་ཟེ་གཡོ་ཅན་ལ་གནང་བ། རྒྱལ་སྲས་དྲི་མེད་ཀུན་ལྡན་གྱིས་སྲས་དང་ཆུང་མ་རང་གི་མིག་ཀྱང་སྦྱིན་པར་བཏང་བ་སོགས་དང་བཙན་ཐབས་ཀྱིས་མཚུངས་བསྡུར་མི་དགོས་པར་རང་བཞིན་གྱིས་གཅིག་པ་ཆགས་ཡོད། འདི་དག་གི་མཛད་སྤྱོད་དེ་འཚེ་བའི་ལས་སུ་ངོས་འཛིན་དགོས་སམ་མི་དགོས། གནད་དོན་གལ་ཆེན་པོ་འདི་འདྲ་གླེང་བའི་སྐབས་སུ་རྒྱུ་མཚན་ཤེས་ནས་བཤད་དགོས་པ་གལ་ཆེན་པོ་རེད་སྙམ།
ཡང་ཁ་ཤས་ཀྱིས་ནང་ཆོས་ཀྱི་ཐོག་ནས་བཤད་ན་འཚེ་བའི་ལས་ཡིན་ས་རེད་ཅེས་ཤེས་མདོག་གིས་གསུངས་སོང་ཡང་། གོང་དུ་བརྗོད་པའི་དཔེ་མཚོན་དེ་དག་དང་ནང་པ་སངས་རྒྱས་པའི་སྟོན་པ་བཅོམ་ལྡན་འདས་ཀྱིས་སློབ་པ་ལམ་གྱི་གནས་སྐབས་སུ་དབུ་དང་ཡན་ལག་གི་སྦྱིན་པ་གྲངས་མེད་བཏང་དང་། སྐུ་སྲོག་བློས་གཏོང་གནང་བའི་རིམ་པ་གྲངས་མེད་ཅིག་བྱུང་ཡོད་པ་དེ་དག་འཚེ་བའི་ལས་སུ་ངོས་འཛིན་བྱེད་མཁན་བྱུང་མེད། དེ་བཞིན་ཡེ་ཤུ་མ་ཤི་ཀས་ཀྱང་རང་སྲོག་བློས་གཏོང་གིས་སེམས་ཅན་གྱི་དོན་མཛད་པ་དེ་དག་ཀྱང་འཚེ་བའི་ལས་སུ་ངོས་འཛིན་བྱས་ན་དངོས་གནས་བླུན་པོ་རང་རེད།
ངས་འདི་ལྟར་བོད་མི་རང་ལུས་མེ་སྲེག་བཏང་ནས་ཞི་རྒོལ་བྱེད་མཁན་དེ་དག་སྟོན་པ་སངས་རྒྱས་དང་། སྔོན་གྱི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛད་འཕྲིན་དང་མཚུངས་བསྡུར་མི་འོས་པར་མཐོང་མཁན་ཡོད་སྲིད་ཀྱང་། དོན་དངོས་ཐོག་མི་འོས་པ་གང་ཡང་མེད། མི་ཞིག་གི་སྲོག་ལ་རྒོལ་བའི་ཆེད་དུ་ལས་དོན་སྒྲུབ་པའི་སྐབས་སྟབས་མ་ལེགས་པར་རང་སྲོག་ཤོར་ཡོད་ན་འཚེ་བའི་ལས་སུ་ངོས་འཛིན་བྱེད་མི་ཆོག་པ་མེད་མོད། རང་ལུས་མེ་སྲེག་གཏོང་མཁན་འདི་དག་གི་ངོས་ནས་གསོན་པའི་རེ་བ་ཏིལ་འབྲུ་ཙམ་ཡང་བཟུང་མེད་ལ། འཚེ་བའི་ཀུན་སློང་ཞིག་ཁུར་མེད་པ། ཁ་གཏད་ཀྱི་ཕྱོགས་ནས་མི་གཅིག་ཙམ་གྱི་སྲོག་ཀྱང་འཕྲོག་ཐུབ་པའི་ཆེད་དུ་རྩོད་ལེན་བྱས་མེད་པ་འདི་རེད།
ཆོས་ཕྱོགས་ནས་བཤད་ན་འཚེ་བ་ཡིན་དང་མིན་གཙོ་བོ་ཀུན་སློང་གནོད་སེམས་ཡོད་མེད་ལ་རག་ལས་ཡོད་པ་དང་། རང་སྲོག་བློས་གཏོང་གིས་རང་ལུས་མེ་སྲེག་གཏོང་མཁན་དག་གིས་རང་ཉིད་ལ་གནོད་སེམས་རྩ་བ་ཉིད་ནས་ཡོད་མི་སྲིད་པ་འདི་གཅིག་པུའི་ཐོག་ནས་ཀྱང་འཚེ་བ་ཡིན་མིན་གསལ་པོར་གྱུར་ཡོད། དེར་བརྟེན་འཚེ་བ་ཞེས་པའི་དོན་མ་རྟོགས་པར་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་མཛད་རྗེས་ལ་རྨ་འབེབས་པའི་ཚིག་གཅིག་ཀྱང་ཤོད་མི་འོས་པ་ནི་ཚང་མས་སེམས་ལ་འཛིན་དགོས་པ་གལ་ཆེ་བར་སེམས།
ཁོང་རྣམ་པའི་རང་སྲོག་བློས་གཏོང་གནང་བའི་བརྒྱུད་རིམ་འདི་དག་གི་སྔ་རྗེས་གང་ལ་བལྟས་ཀྱང་། སྒེར་སེམས་རྩ་བ་ཉིད་ནས་མེད་པར་བོད་བསྟན་པ་ཆབ་སྲིད་ཀྱི་བདེ་ཐབས་ཁོ་ནར་དམིགས་ཡོད་པ་དགྲ་གཉེན་སུའི་ངོས་ནས་བལྟས་ཀྱང་ཐེ་ཚོམ་མི་དགོས་པ་ཞིག་རེད། དགྲ་ཕྱོགས་ལའང་གནོད་སེམས་མ་ཡིན་པར་དེང་དུས་ཀྱི་འབོད་སྟངས་ལྟར་ན་འགྲོ་བ་མིའི་ཐོབ་ཐང་དགོས་པ་དང་། རང་དབང་དང་འདྲ་མཉམ་དགོས་པ། ལྷག་པར་དུ་ནང་པའི་ཆོས་བྱེད་པའི་ཐོབ་ཐང་དང་རང་དབང་དགོས་པ་སོགས་ཀྱི་ཆེད་དུ་ཞི་བའི་ལས་འགུལ་སྤེལ་བ་དང་། གོང་གསལ་རང་དབང་འདི་དག་སྤྲད་པས་རྒྱ་གཞུང་དང་རྒྱ་གཞུང་གི་མགོ་ཁྲིད་རྣམས་ལ་དོན་གྱིས་ཕན་པར་གྱུར་ཡོད་པས། ཕན་སེམས་ཁོ་ན་ལས་གནོད་སེམས་ཡིན་པའི་སྒྲུབ་བྱེད་གང་ཡང་མེད། གལ་སྲིད་གནོད་སེམས་ཁོག་བཅངས་བྱས་ཡོད་ན་རྒྱ་མི་གཅིག་ཡིན་ཀྱང་གསོད་ཨེ་ཐུབ་བལྟ་ཆོག་པ་དང་། དེའི་རྗེས་སུ་རང་ཉིད་ཤི་རྒྱུ་ལ་སྐྲག་སྣང་མེད་པ་ནི་རང་ལུས་མེ་སྲེག་བཏང་བ་འདིས་ར་སྤྲོད་བྱས་པ་རེད། དེར་བརྟེན་ཀུན་སློང་གི་ཆ་ནས་བཤད་ཀྱང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛད་སྤྱོད་དང་མི་མཚུངས་པ་གང་ཡང་མེད།།