གསེར་གྱི་ཡིག་འབྲུ་ལ་བྲིས་པའི་བརྒྱུད་རིམ།
སྤྲུལ་པའི་མི་བུ་རྟོན་པའི་བཀའ་བཀོད་ཀྱི་ལམ་ལུགས།།
རིག་ཤེས་ལམ་བུར་གཅུན་པའི་རྨུ་ཐག་གི་ཞགས་པ།།
མྱི་སྐད་བྲོ་བ་སྟུངས་བའི་སྤྱི་ཚོགས་ཀྱི་ཁ་ན།།
གཟུར་གནས་བློ་སྒོ་འབྱེད་པའི་སྐར་ཁུང་ཞིག་མ་རྙེད།།
ས་མཐོའི་རེ་སྨོན་དཔྱང་པའི་ལམ་བུ་དེ་དོག་དུས།།
འཚོལ་སྙེག་བར་ཐག་དཀྱེད་ཅིང་གུ་ཡངས་ལ་འཐེན་འདུག།
རྒྱང་རིང་ངོ་གདོང་འདི་ཡང་ཐེར་ཟུག་ལས་ཡོལ་དུས།།
སྔོན་གྱི་སྐད་ཆ་དེའང་འཇའ་ཚོན་ལས་མཚར་འདུག།
མི་རིགས་ཁ་དོག་བསྒྱུར་བའི་འོག་འགྱུ་ཡི་གློག་ཞུན།།
སེམས་པ་བཙའ་ལ་འབྱར་བའི་སྤོམས་པ་སྟེ་བཤུད་དུས།།
འོད་ལ་གློ་བ་འཁྲེང་བའི་དཀར་ངོགས་ཀྱི་གྲོང་ནས།།
གཤིབས་ཀྱང་རྫི་ཐབས་མེད་པའི་མི་རབས་ཤིག་ལངས་བྱུང་།
མུན་པའི་ཟབ་ཚད་གཞལ་བའི་རྟོག་སེད་ཀྱི་ང་རོ།།
གནམ་གྱི་ཁེབས་ཡངས་བཏང་བའི་ཤེད་ཚུགས་ཏེ་ཕབ་དུས།།
གསེར་གྱི་ཡིག་འབྲུ་བཏབ་པའི་ལོ་རྒྱུས་ཀྱི་ཁོག་མ།།
འདས་སོང་ལོ་རྒྱུས་ལྷན་པའི་མེ་ལོང་ཞིག་བཀལ་སོང་།
ལོ་རྒན་དྲུག་ཅུའི་ཕར་ན་མངོན་འདོད་གྱི་རྨི་ལམ།།
ལུགས་ཟུང་གསེར་གྱི་ཐམ་ཀའི་བྱུང་རབས་ཀྱི་ངོ་མཚར།།
ཁྱིམ་གཞིས་དཀྱུས་མ་ཞིག་གི་སྐལ་བ་རུ་བབ་དུས།།
རྒྱལ་བས་སྲིད་སྐྱོང་མཚན་གྱི་བྱིན་རླབས་ཤིག་ཐོབ་འདུག།།
འོད་ཀྱི་ལམ་བུ་འདི་ཡང་ཐག་རིང་ན་གཏད་དུས།།
འགྲིམ་བཞུད་རྐང་ཤུབས་ཟད་དེ་ལྷན་པོ་འང་བཙའ་སྐད།།
ལམ་གྲོན་པགས་ཟས་འདི་ཡང་རྙིང་རུལ་ལ་ཐེབས་དུས།།
སྡེར་མ་སྟོང་གི་བྲོ་བ་ཤ་རྐན་ལ་འབྱར་འདུག།
དད་པས་དཔྲལ་བ་རྨས་པའི་ལྟ་བ་ཡི་གོམས་སྲོལ།།
སྲིད་ཀྱི་གྲལ་རིམ་རྩོད་པའི་ནང་མདོ་ཡི་ཀླན་ཀ།
བཤད་ཀྱང་བུ་ག་དོག་པའི་རྒྱང་རིང་གི་རྣ་ཅོག།
ད་དུང་ས་སྒང་འདི་རུ་སྒེར་གཅོད་ཀྱིས་སྟིམས་འདུག།
མེ་ཏོག་ལྷན་པོ་བཏབ་པའི་རྐང་རུས་ཏེ་འཁྲ་བས།།
འོ་མའི་མཆོད་ཟོམ་བསྟིམས་པའི་ཁ་ཙང་གི་སྐད་ཆ་།།
གདོས་བཅས་དུར་ལ་ཐིམ་ཡང་མིག་སྔ་རུ་འཁྱོལ་བའི།།
མི་སེར་སྐད་ལ་འཁྱུད་པའི་འཁྲེན་ཟུག་ཅིག་སྒམ་འདུག།
ས་སྒང་རྨི་ལམ་འདི་འང་ཟབ་ཚད་ཅིག་ཡོད་དུས།།
ཆོས་གོས་སྣེ་ལ་ཐོགས་པའི་དཀྱིལ་འཁོར་གྱི་ཕར་ན།།
དམར་འོད་འཁྱུག་པའི་སྡེ་ལ་བསྲན་ཚུགས་ཤིག་ཡོད་པས།།
མི་སེར་དམག་ལ་ཆས་པའི་བཀའ་འཁྲོལ་ཞིག་མི་འདུག།
གནས་ཚང་མལ་སར་འཇམ་པའི་དུང་བ་ཞིག་བྱུང་ཡང་།
ཁ་ཕོར་མི་ལ་གཟེད་པའི་རྒྱབ་མདུན་ལ་གཤེར་དུས།།
སེམས་ཀྱི་མཐོངས་ཁ་འདི་ཡང་སྙོག་རོ་ཡིས་ཁེབས་ན།།
ཐག་རིང་ངལ་གསོ་དེ་ཡང་ནོར་འཁྲུལ་ཞིག་ཡིན་དགོས།།
སྲོང་བཙན་སྐལ་གྱིས་ཐོབ་པའི་མྱི་སྐད་ཀྱི་དག་ཆ།།
ཤེད་བུ་སྟོང་ལ་འཚམ་པའི་རིག་པ་སྟེ་འཛུལ་དུས།།
གློག་དང་སྒྲོན་མེ་མེད་པའི་ནག་ཁུང་གི་ཤོག་ལྷེབ།།
དེ་རིང་དཀར་ངོགས་གྲོང་དུ་ཐིག་རིས་ཀྱང་ཡལ་འདུག།
གནམ་ལ་ཞགས་པ་བཏབ་པའི་དགུ་ཚིགས་ཀྱི་འཆར་ཡན།
ལག་རིང་བསྲིངས་སྟངས་ཤིག་གིས་ཤེལ་སྒོ་ལ་དཔར་དུས།།
ལྟོ་བ་འཁྱག་ལ་འབྱར་པའི་མི་སེར་གྱི་ཐོ་གཞུང་།
ངོ་དེབ་གཡར་པོ་ཞིག་ནས་གསལ་གསལ་དུ་སྒྲོན་བྱུང་།
2011/8/20 ལ་བྲིས།