ལུས་གསུམ་གྱི་སྤྲོ་སྣང་།
རྩེ་སེམས་གཡེང་བའི་དེད་དཔོན་དབུགས་ཀྱི་བརྗོད་པ་ཡི་ཕུང་པོ།།
འཆལ་གཏམ་ཚོན་གྱི་མ་གོས་ཟོ་བཟང་འཁྱོག་མེད་ཀྱི་གནད་དོན།།
གསེར་མིག་མཚོ་ལ་འཁོར་བཞིན་ཉི་ཟླ་རེས་མོས་ཀྱི་བགྲོད་ལམ།།
སྤྲོ་དགས་འ་འུར་མདུན་མཆོངས་དངངས་ཞེད་ཚོམ་མེད་འདི་སྤྲོ་ཨང་།།
ཟུངས་ཁྲག་ལོང་ལོང་བཞུར་བའི་རྩ་ཕྲ་བརྒྱ་བརྒྱ་ཡིས་བསྡོམས་པའི།།
དམར་པོ་སྲོག་གི་མུ་ལ་དྲག་འགུལ་ཟླུམ་པོ་འདིའི་དབུས་ན།།
ཀུན་གཡོ་སྒྱུ་འཕྲུལ་ཆེ་བའི་གཤོག་བྲལ་འཕུར་ལྡན་གྱི་རྣམ་རིག།
པོད་ལྔའི་སྐྱེད་ཚལ་ཡངས་པོར་འཁོར་ལྡིང་རྩིར་སྤྱོད་འདི་སྤྲོ་ཨང་།།
བརྟགས་ཚེ་ཞེ་མེར་ལང་བའི་མི་གཙང་རུལ་དྲི་ཡི་གཏེར་མཛོད།།
བཏང་སྙོམས་ཁེངས་པའི་རྒྱགས་པ་འདེགས་འཇོག་རང་རྐྱ་བའི་ཚུགས་ཐུབ།།
ཕྱོགས་ལྷུང་ལྕགས་སྒྲོག་ནག་པོའི་ལྷུ་ཚིགས་གཏུམ་སྤྱོད་དེ་ཆད་པའི།།
ཆོས་ཚོགས་ཆགས་མེད་འགྲིམ་པའི་ཁོམ་དལ་འབྱོར་ལུས་འདི་སྤྲོ་ཨང་།།
གཡས་འཁྱིལ་དུང་གི་ཆོས་སྒྲ་ཁ་རྩངས་མཚོ་རླབས་བཞིན་རྒོད་པའི།།
སྟག་སེང་དོམ་སྨྱོན་བརྒྱ་ཕྲག་སྟངས་རྩལ་མཆོང་ལྡིང་གི་གྲལ་ན།།
རང་སྐད་རྣལ་མ་སྙིང་རུས་ཡོད་དགུ་རྩལ་སྤྲུགས་དེ་བགྱིས་པས།།
སྐབས་འགར་དབུགས་འགག་མི་སྨྲ་དྲང་སྲོང་བརྟུལ་ཞུགས་འདི་སྤྲོ་ཨང་།།
མ་རིག་ཚང་ཚིང་སྦུགས་ན་སྐད་ཅོར་སྨེ་ངག་རང་འབྱིན་པའི།།
ཐར་འདོད་ཁྲོ་དང་རྨོངས་པའི་གཉའ་གནོན་བཙོན་འོག་གི་སྲུབས་ནས།།
རྐང་འཇབ་འགྱུར་ཁུག་ཐབས་ཀྱིས་སྤྲེལ་ལད་འདྲ་ཆགས་རེ་འཁྲབ་སྟེ།།
རྣམ་ཀུན་དམ་ཆོས་འབད་འབུངས་རྣམ་དཀར་དགེ་སེམས་འདི་སྤྲོ་ཨང་།།
2004-6-16བྲིས།།
དེ་རིང་ཤོག་སྙིགས་འགའ་ཞིག་གི་གསེབ་ནས་འདི་རྙེད་སོན་བྱུང་བས་སྐབས་དེ་དུས་ཀྱི་དཀར་གཙང་གི་སེམས་ཁམས་དང་ཚོགས་ཆོས་ལ་ཧུར་བརྩོན་དེ་དྲན་བྱུང་བ་མ་ཟད། མི་ཤེས་ཀྱང་ཨུ་ཚུགས་སྲ་བརྟན་ལ་ཡི་རང་དང་བཅས་ཡིག་འབྲུ་གཅིག་ཀྱང་མ་བཅོས་པར་རང་སོར་བཀོད་ཡོད།།
