སུ་ཇཱ་སློབ་གྲྭའི་འཛིན་སྐྱོང་དང་དགེ་རྒན་ལ་འགན་མེད་པ་ཞིག་རྩ་བ་ནས་མིན།

༡༽ སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ནང་རྒན་བདག་གིས་སློབ་ཕྲུག་ལ་ཉེས་རྡུང་གཏོང་བའི་གནད་དོན་འདི་རྒྱུན་ལྡན་ཞིག་རེད། འདི་ནི་གོང་ནས་མར་བསྐུལ་བའི་རྒན་བདག་གི་འགན་ཁུར་ཞིག་རེད། དཔེར་ན་ལོ་སྔོན་མ་སློབ་ཕྲུག་བུ་མོ་ཞིག་ལ་རྒན་བདག་བུ་མོ་ཁག་ཅིག་གིས་རུབ་ནས་ཉེས་རྡུང་ཚོད་མེད་བཏང་ནས་སློབ་གྲྭ་ནས་བྲོས་བྱོལ་དུ་ཕྱིན་འདུག  སློབ་ཕྲུག་དེས་རང་ཤི་རྒྱག་རྩིས་བྱས་ཀྱང་སྟབས་ལེགས་པ་ཞིག་ལ་ཤི་ཐུབ་མི་འདུག སློབ་ཕྲུག་བུ་མོ་དེའི་སྐྲ་མང་པོ་བཏོག་འདུག་པ་དང་། གཟུགས་པོ་སྨུག་ཐིག་གིས་ཁེངས་འདུག རྗེས་མ་རྒྱུན་རིང་སྨན་བཅོས་བྱེད་དགོས་བྱུང་བ་རེད།


སློབ་ཕྲུག་བུ་མོ་དེ་ང་དང་ཅུང་འབྲེལ་ཡོད་ཅིག་ཡིན་པས་སློབ་གྲྭའི་འགན་འཛིན་དང་སློབ་སྤྱི་སོགས་དང་གྲོས་བསྡུར་གྱིས་ཉིན་བཅུ་གྲངས་ཤིག་ལ་ངའི་ནང་དུ་སེམས་པ་གསོ་ཐབས་སུ་དམིགས་ནས་གུང་སེང་དུ་བླངས་པ་ཡིན། སློབ་ཕྲུག་བུ་མོ་དེ་སློབ་གྲྭར་སྐྱེལ་དུ་འགྲོ་བའི་སྐབས་སློབ་གྲྭའི་འགན་འཛིན་དང་སློབ་སྤྱི་གཉིས་ལ་ཐུག་མེད་ཀྱང་། དགེ་ཆེ་དང་སྒྲིག་འཛུགས་ལག་བསྟར་ཚོགས་ཆུང་གི་ཚོགས་གཙོ་གཉིས་ནས་ཐུག་ནས་དེའི་སྐོར་སྐད་ཆ་བཤད་པ་ཡིན།


འོན་ཀྱང་སྐབས་དེ་དུས་ངས་སྤྱི་འཐུས་ཤིག་ཡིན་པའི་ངོས་ནས་བཤད་མེད་ལ། གསར་འགོད་པ་ཞིག་ཡིན་པའི་ཆ་ནས་ཀྱང་བཤད་མེད། ངས་སློབ་ཕྲུག་དེ་དང་འབྲེལ་ཡོད་ཀྱི་ཆ་ནས་ཁོང་གཉིས་ལ་རྒན་བདག་གིས་བུ་ཕྲུག་ལ་ཉེས་རྡུང་གཏོང་བ་འདི་ནི་གཏན་ནས་མི་འགྲིག འགྲོ་བ་མིའི་ཐོབ་ཐང་གི་ཐོག་ནས་བཤད་ཀྱང་མང་པོ་ཤོད་ཀྱི་ཡོད་པ་རེད། དེར་བརྟེན་སླད་ཕྱིན་རྒན་བདག་གིས་སློབ་ཕྲུག་ལ་ཉེས་རྡུང་གཏོང་སྟངས་འདི་ཚོ་མཚམས་འཇོག་དགོས་པ་རེད་ཅེས་འབོད་སྐུལ་ཞུས་པར། སྒྲིག་འཛུགས་ལག་བསྟར་ཚོགས་ཆུང་གི་ཚོགས་གཙོས། ཁྱེད་རང་སྤྱི་འཐུས་ཡིན་ནའང་རུང་། གསར་འགོད་པ་ཡིན་ནའང་རུང་། གང་ལྟར་རྒན་བདག་གིས་སློབ་ཕྲུག་ལ་ཉེས་རྡུང་གཏོང་རྒྱུ་དེ་སློབ་ཕྲུག་ཁོ་ནའི་ཆེད་དུ་ཡིན་པས། མཚམས་འཇོག་ཐུབ་ཐབས་གཏན་ནས་མེད། ལམ་སྲོལ་འདི་ལ་བརྟེན་ནས་སློབ་ཕྲུག་རྣམས་ལ་ཕན་ཐོགས་མང་པོ་ཡོད། གལ་སྲིད་འདི་འདྲ་མེད་ན་སློབ་ཕྲུག་མང་པོ་རྩ་དགོངས་གཏོང་དགོས་ཐུག་གི་རེད། གནད་དོན་ཚང་མ་གཤམ་ནས་ཐག་གཅོད་གནང་དགོས་པ་དེ་གལ་ཆེན་པོ་རེད་ཅེས། ཚིག་ཐག་ཆོད་པོས་ཐོག་ནས་གསུངས་སོང་། ངས་ཀྱང་གོང་ཞུས་ལྟར་སྐབས་དེའི་གནས་བབས་ཀྱི་ཐོག་ནས་ལན་འདེབས་ཞུ་ཤེས་མ་སོང་། དེར་བརྟེན་གནད་དོན་འདི་ནི་སློབ་གྲྭའི་འཛིན་སྐྱོང་གི་ངོས་ནས་རྒན་བདག་རྣམས་ལ་སྤྲད་པའི་ལས་དོན་ཞིག་ཡིན་པ་དེ་གསལ་པོ་རེད།


༢༽ གནད་དོན་འདི་ལ་བརྟེན་ནས་སྔོན་མ་དཀའ་ངལ་འཕྲད་མ་མྱོང་བའང་གཏན་ནས་མིན། འོན་ཀྱང་སློབ་གྲྭའི་འཛིན་སྐྱོང་གི་ངོས་ནས་དེ་ལ་ལེགས་སྤེལ་ཉེས་འགོག་གི་དགོངས་པ་བཞེས་མེད། དཔེར་ན་རྒན་བདག་ཅིག་གིས་སློབ་ཕྲུག་རྐང་པ་ཐང་ཐང་མེད་པ་ཞིག་ལ་ཉེས་རྡུང་ཚོད་མེད་བཏང་བ་དང་། སློབ་ཕྲུག་དེ་སློབ་གྲྭ་ནས་བྲོས་བྱོལ་དུ་འགྲོ་དགོས་ཐུག་འདུག དེར་བརྟེན་སློབ་ཕྲུག་དེས་མཚན་མོ་ལྐོག་ཏུ་སློབ་གྲྭར་ཡོང་ནས་རྒན་བདག་ལ་གྲིས་ཁ་ཤས་བརྒྱབ་ནས་སྲོག་མ་ཤོར་ཙམ་བྱུང་བ་རེད། དེ་ལྟར་ཡོང་དོན་རྒན་བདག་གིས་སློབ་ཕྲུག་ལ་ཉེས་རྡུང་བཏང་བ་ལ་བརྟེན་ནས་བྱུང་བ་རེད། སུ་ཇཱ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱི་ལོ་ཚོད་བསྡུར་ན་བྱེད་ཐབས་འདི་འོས་འཚམས་མིན་པ་དང་། མ་འོངས་པར་དཀའ་ངལ་འཕྲད་སྲིད་པ་གསལ་པོར་གྱུར་ཀྱང་སློབ་གྲྭས་ཐག་གཅོད་མ་བྱས་པར་རང་འཇགས་བཞག་པ་རེད། དེར་བརྟེན་ད་ལོའི་གནས་ཚུལ་འདི་ལྟ་བུ་བྱུང་བ་རེད།


༣༽ དྲ་གྲོགས་དགའ་ཉག་འཁྱམ་པོ་ལགས་ཀྱིས་“མི་བསད་ལག་ཉེས་ཤོར་བའི་རྒན་བདག་གཉིས་དང་། འདས་པོའི་སྤུན་ཟླ་ཚོ་ངོ་ཐུག་ནས་གནས་ལུགས་དང་གོ་སྐོན་གྱི་སྐད་ཆ་བཤད་པར་ཉེས་པ་ཡོད་ན།”ཞེས་ཟེར། གནད་དོན་འདིའི་ཐོག་ནས་ཐོག་མ་སྤྲང་ཕྲུག་གིས་འབྲི་དུས་གསལ་པོ་མ་ཆགས་པ་ཡིན་ནའང་འདྲ། ཁྱེད་ཀྱིས་ཀློག་དུས་གསལ་པོ་མ་རྟོགས་པ་ཡིན་ནའང་འདྲ། གནད་དོན་དངོས་དེ་འདྲ་མ་རེད།


འདས་པོའི་ནང་མི་སྐུ་ཞབས་རྣམས་ལ་ལྷོ་ཕྱོགས་ནས་མ་ཡོང་བའི་སྔོན་དུ་ཕ་ཡུལ་བྲག་མགོ་ནས་ཡིན་པའི་ཕོ་སར་བཅུ་གྲངས་ཤིག་དྷ་ས་ནས་སུ་ཇཱ་སློབ་སོང་བ་རེད། དེ་ཚོ་ཚང་མ་བོད་ནས་ལོ་ཁ་ཤས་སྔོན་འབྱོར་བ་རྐྱང་རྐྱང་ཡིན་པ་དང་ཕལ་ཆེ་བ་རྒྱག་རེས་རྒྱག་ཆོག་ཆོག་དང་། རླུང་ལང་ཆོག་ཆོག་འབའ་ཞིག་རེད། ཁོང་ཚོ་སུ་ཇཱ་སློབ་གྲྭར་སླེབས་ནས་འདས་པོའི་གནད་དོན་སྐོར་རྩད་གཅོད་བྱེད་སྐབས་རྒན་བདག་གཉིས་དང་ཕོ་སར་དེ་དག་ཐུག་ཏུ་བཅུག་འདུག སྐབས་དེར་སྐད་ཆ་ཁ་ཤས་བཤད་པའི་རྗེས་སུ་འདས་པོའི་ཕ་ཡུལ་གཅིག་པ་ཕོ་སར་འཇམ་དཔལ་ཟེར་བ་ཞིག་རླུང་ལངས་ནས་ཚོད་འཛིན་བྱེད་བར་གྱུར་པའི་སྐབས། བསམ་ཡོད་ཁ་ཤས་ཀྱི་བཀག་ནས་ཕྱི་རུ་ཕུད་འདུག ཕོ་སར་དེ་རླུང་ལངས་ནས་རང་གི་སྟོད་ཐུང་ཡང་ཐེར་ཚལ་རྦལ་ཚལ་དུ་བཏང་ནས་གཤགས་འདུག གཞན་ཉི་མ་ཟེར་བ་ཞིག་ཀྱང་རླུང་ལངས་ཞེ་དྲག་ལངས་འདུག སྐབས་དེ་དུས་གསར་འགོད་པ་ཞིག་ཡོད་པས། དེ་དག་ཡག་པོ་བཀག་ནས་བར་མི་ཡག་པོ་བྱེད་ཐུབ་འདུག་མ་གཏོགས། སླར་ཡང་མི་གསོད་ཀྱི་དོན་རྐྱེན་ཞིག་འབྱུང་ཉེ་ལྟ་བུ་ཆགས་འདུག


ང་ནི་གནད་དོན་དེའི་སྐོར་ལ་བསམ་བློ་བཏང་བའི་སྐབས་སུ་ཤ་འདར་རྒྱག་པ་ལྟ་བུའི་སེམས་ཚོར་ཞིག་ཡོང་གི་འདུག སྐབས་དེའི་བར་མི་བྱེད་མཁན་བོད་ཀྱི་བང་ཆེན་གྱི་གསར་འགོད་པ་རེད་ལ། འདས་པོ་དང་ཕ་ཡུལ་གཅིག་པ་རེད། ཁོང་གིས་གནས་ཚུལ་དེ་དག་རེ་རེ་བཞིན་བཤད་པའི་སྐབས་སུ་སྐྲག་སྣང་ཆེན་པོ་བྱུང་སོང་། འོན་ཀྱང་སྟབས་ལེགས་པ་ཞིག་ལ་ང་སྐྲག་པ་ཙམ་ལས་དཀའ་ངལ་འཕར་མ་མ་འཕྲད་པ་རེད། སྐབས་དེ་དུས་འདས་པོའི་གཉེན་ཚན་དེ་དག་ལྷོ་ཕྱོགས་ནས་མ་འབྱོར་བའི་ཉིན་གཅིག་དང་ཕྱེད་ཙམ་གྱི་སྔོན་རེད། སློབ་གྲྭའི་འཛིན་སྐྱོང་གི་ངོས་ནས་དེ་ལྟ་བུའི་གནས་ཚུལ་ལ་སེམས་ཚོར་མེད་པ་ནི་དངོས་གནས་བློ་ཕམ་གྱི་གནས་ཚུལ་ཞིག་རེད། སྐབས་དེ་དུས་སོར་གང་ཙམ་མིན་ན་སླར་ཡང་མི་གསོད་ཀྱི་གནས་ཚུལ་ཞིག་བྱུང་བ་རེད། དེ་ལ་བརྟེན་ནས་འཛིན་སྐྱོང་གིས་འགན་མ་ཁུར་བ་རེད་ཅེས་མི་བརྗོད་ཀ་མེད་རེད།


༤༽ ད་དུང་འབྲེལ་ཡོད་ཁྱིམ་ཚང་དགེ་རྒན་ལའང་འབྲེལ་བ་མེད་པ་ཞིག་གཏན་ནས་མིན། འགན་ཡོངས་རྫོགས་རྒན་བདག་ལ་བསྐུར་བ་དེ་མ་འགྲིག་པ་རེད། བྱེད་སྟངས་དེ་རྒྱ་ནག་གི་བཙོན་ཁང་དང་དམག་མིའི་ནང་དུ་ཡོད་རབས་ཐོས། སུ་བཙན་པོ་དང་སུ་དབང་ཆེན་ཡིན་ནའང་དེས་གཞན་དག་ལ་དབང་བསྒྱུར་བྱེད་བཅུག་ནས་གོང་གི་འགན་ཁུར་མཁན་རྣམས་ཀྱི་འགན་ཡང་དུ་གཏོང་ཐབས་བྱེད་པ་དེ་རེད། དེ་ལ་བརྟེན་ནས་ཉམ་ཆུང་དང་ནུས་མེད་རྣམས་ལ་གྱོང་གཏོང་རྐྱང་བྱེད་ཀྱི་ཡོད་པ་དེ་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད། སུ་ཇཱ་སློབ་གྲྭ་དེ་ལྟ་བུ་རང་མིན་པའི་སྨོན་ལམ་འདེབས། གང་ལྟར་གནད་དོན་འདི་རྒན་བདག་གཅིག་པུའི་ཐོག་ལ་གཡུགས་རྐྱང་བྱེད་འོས་པ་ཞིག་གཏན་ནས་མིན།


༥༽  ལག་ཉེས་ཤོར་མཁན་གྱི་རྒན་བདག་གཉིས་ཀྱི་ངོས་ནས་བཤད་ན་འདས་པོའི་ནང་མིས་རེ་བ་བཏོན་པ་བཞིན་སློབ་གྲྭ་ནས་གནས་དབྱུང་མ་བཏང་བ་དེ་མདུན་ལམ་གྱི་ཐོག་ལ་ཕན་ཐོགས་ངེས་ཅན་ཡོད་པ་ཞིག་རེད། འོན་ཀྱང་སློབ་གྲྭའི་འཛིན་སྐྱོང་གི་ངོས་ནས་བཤད་ན་ཐག་གཅོད་དེ་དཀའ་ངལ་ཆེན་པོ་ཞིག་རེད། མ་འོངས་པར་སློབ་ཕྲུག་ཅིག་ཕྱིར་འཕུད་བྱེད་དགོས་པའི་གནས་ཚུལ་ཞིག་བྱུང་ན། མི་གསོད་མཁན་ཡང་སློབ་གྲྭ་ནས་ཕྱིར་འཕུད་བྱས་མེད་པས། ནོར་འཁྲུལ་གཞན་ཤོར་མཁན་ཞིག་སློབ་གྲྭ་ནས་ཕྱིར་འཕུད་བྱ་རྒྱུར་དང་ལེན་མ་བྱས་པར་ཞུ་གཏུག་བྱས་ན། བྱ་དཀའ་བྱེད་གཏད་དུ་འགྱུར་ངེས་པ་རེད། དེར་བརྟེན་ད་ལན་གྱི་གནས་ཚུལ་འདི་ལ་བརྟེན་ནས་སློབ་གྲྭའི་འཛིན་སྐྱོང་ལ་དཀའ་ངལ་གང་མང་འཕྲད་ཡོད་པ་རེད།

 

༦༽ དྲ་གྲོགས་ཁ་ཤས་ཀྱིས་གནས་ཚུལ་དེ་གླེང་བ་འཕྱིས་དྲགས་པ་རེད་ཟེར་བ་དེ་རྒྱུ་མཚན་གང་ལ་བརྟེན་ནས་བརྗོད་པ་ཡིན་མི་ཤེས་ཀྱང་། དོན་དངོས་ཐོག་དོན་རྐྱེན་དེ་ཕྱི་ཟླ་༨ ཚེས་༥ ཉིན་བྱུང་བ་རེད། དེ་རིང་ཕྱི་ཟླ་༨ ཚེས་༢༧ ཡིན་པས་བདུན་ཕྲག་གསུམ་ལས་སོང་མེད། གནད་དོན་འདི་རྙིང་པ་རེད་ཅེས་བརྗོད་པ་ནི། དོན་ལ་གཏན་ནས་མི་གནས་པ་ཞིག་རེད། ཅིག་བྱས་ན་གནས་ཚུལ་དེ་མགོ་མ་ཚོས་དང་། གང་བྲིས་པའི་གནད་དོན་དེ་དག་ཧ་མ་གོ་བའང་ཡིན་སྲིད། དེར་བརྟེན་གནད་དོན་འདི་ལ་བསམ་ཚུལ་བཤད་ནས་ཆོ་གང་ཡང་མེད་པས་བཏང་སྙོམས་སུ་བཞག་ཡོད།