དབུལ་ཕོངས་ཀྱི་གནས་སུ་གྱར་བའི་རྨ་སྟོད།

རྨ་སྟོད་གླེང་སྐབས་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་རྨ་སྟོད་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་ནང་དུ་མི་གྲངས་ཁྲི་གཅིག་ཙམ་ལས་མེད་པའི་རྒྱལ་ཡོངས་ཀྱི་རྫོང་ཕྱུག་པོ་ཨང་དང་པོར་འབོད་པའི་ས་ཆ་ཞིག་ཡིན་པ་དང་། མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་ཧ་ཅང་ཚད་མཐོ་བོ་ཡིན་པ་རེད། འོན་ཀྱང་། མི་ལོ་ཉི་ཤུ་སུམ་ཅུ་ཞིག་གི་རྗེས་སུ་རྨ་སྟོད་ནི་དཀའ་ངལ་ཅན་གྱི་རྫོང་ཞིག་ཆགས་ཡོད་པ་དང་། རྒྱུ་མཚན་བརྩད་གཅོད་བྱས་སྐབས། གསར་འགྱུར་རྒྱུད་ལམ་ཁག་གིས་ཁ་གཅིག་གྲགས་ཀྱིས་དེ་ནི་ཡུལ་མི་འབྲོག་པས་ཚད་བརྒལ་གྱི་ཕྱུགས་འཚོ་ལ་བརྟེན་ནས་རྩྭ་ས་ཇེ་ཞན་དང་མཚེའུ་ཇེ་ཆུང་། ཆུ་འགོ་ཇེ་སྐམ། ཁྱོན་ཡོངས་ཀྱི་སྐྱེ་ཁམས་ལ་གནོད་སྐྱོན་ཐེབས་པའི་བཤད་སྟངས་འདིས་མི་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་ཡོད།

རྒྱུ་རྐྱེན་དེས་ཡིན་ནམ་ཡང་ན་རྒྱུ་རྐྱེན་གཙོ་བོ་དེ་ཡིན་ནམ།

ངས་ཝྭ་ལི་ཤང་གིས་ལོ་ཉི་ཤུའི་སྔོན་དུ་བླངས་པའི་རྨ་ཆུའི་བཞུར་རྒྱུན་གྱི་པར་རིས་ཞིག་མཐོང་མྱོང་།  དེའི་ནང་གི་རྨ་སྟོད་ཀྱི་པར་རིས་དེར་ང་ཧ་ལས་སོང་།  དེ་ནི་མི་སྟོང་ཚོ་མང་པོས་ངལ་རྩོལ་བྱེད་བཞིན་པའི་སྐབས་ཀྱི་པར་རིས་ཤིག་རེད། ཡིན་ནའང་དེ་ནི་ས་རྒོད་སློག་ཏེ་ཞིང་རྨོས་པ་དང་ས་བོན་འདེབས་ཏེ་འབྲུ་རིགས་ལེན་པའི་སྐབས་མ་རེད་ལ། རྩྭ་ཐང་སྟེང་དུ་ཕྱུགས་རིགས་འཚོ་སྐྱོང་གིས་ནོར་ལུག་རྩྭ་ཆུར་འདེད་པ་ནི་དེ་ལས་ཀྱང་མ་རེད། ཡིན་པ་ནི་གཙང་པོའི་ནང་ནས་གསེར་བརྐོ་འདོན་བྱེད་བཞིན་པའི་རྣམ་པ་རེད། པར་རིས་དེའི་ནང་གི་གསེར་བརྐོ་པ་ཕལ་ཆེར་རྒྱ་རིགས་དང་ཧེའུ་མི་རིགས་རེད་འདུག   ཝྭ་ལི་ཤང་གིས་ཕྱིར་དྲན་བྱེད་སྐབས་བརྗོད་རྒྱུར། བོད་པ་གསེར་བརྐོ་བ་ཞིག་ཕལ་ཆེར་མི་འདུག་ཟེར།

སྤྱིར་རྨ་སྟོད་ནི་རྨ་ཆུ་གཅིག་པོ་ལ་བརྟེན་ནས་མཚན་སྙན་རྒྱས་པ་ཞིག་གཏན་ནས་མིན། དེ་ནི་ཕུན་སུམ་འཚོགས་པའི་རང་བྱུང་གི་གཏེར་ཁ་གསེར་ལ་སོགས་ཀྱིས་འདོད་རྔམ་ཅན་གྱི་མི་གྲངས་མེད་གནས་འདིར་འགུག་ཡོང་བ་རེད། འབྲེལ་ཡོད་ཡིག་ཆ་ཁག་ལས་རྒྱུས་ལོན་བྱས་པ་ལྟར་ན། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་ནང་དུ་ཕྱི་ཕྱོགས་ཀྱི་མི་ཁྲི་བཅུ་གྲངས་ཙམ་གསེར་བརྐོ་འདོན་བྱས་པར་རྨ་སྟོད་དུ་སླེབས་ཡོད་པ་དང་། དོན་དངོས་ཐོག་རྨ་སྟོད་ཕྱུག་པོ་ཡིན་པའི་རྒྱུ་མཚན་ནི་ཕྱུགས་རིགས་འཚོ་སྐྱོང་གི་རྩྭ་སའི་གནད་དོན་མིན་པར་གསེར་བརྐོ་ཉོ་ཚོང་ལ་བརྟེན་ནས་བྱུང་བ་ཞིག་རེད། GDPཁ་སྣོན་དང་ནོར་སྲིད་ཀྱི་ཡོང་འབབ། གསལ་བཤད་བྱ་དགོས་པ་ཞིག་ནི་རྨ་སྟོད་ཕྱུག་འགྱུར་ཟེར་བ་འདི་ས་གནས་ཡུལ་མི་འབྲོག་པ་ཚོས་གཏན་ནས་ཉམས་སུ་མྱོང་མེད། ཁོང་ཚོས་སྔར་བཞིན་
ཕྱུགས་ལས་ལ་བརྟེན་པའི་བབ་ཆགས་པའི་འཚོ་བར་རོལ་བཞིན་ཡོད།

ཕྱི་མི་གཏེར་ཁ་བསྔོག་འདོན་པས་རྩྭ་ས་ཆེ་པོར་གཏོར་སྐྱོན་དང་དེ་ལ་བརྟེན་ནས་གཙང་ཆུ་སྐམ་པ། རི་སྐྱེས་སྲོག་ཆགས་བསད་པ། དབྱར་རྩྭ་དགུན་འབུ་སོགས་རྩ་ཆེའི་སྨན་རིགས་བརྐོ་བ་སོགས་དེ་ལྟ་བུའི་གནོད་སྐྱོན་ཡང་དུ་བསྐྱར་དུ་རྒྱུན་ཆད་མེད་པ་ལ་བརྟེན་ནས་མཇུག་འབྲས་འདི་བཟོས་པ་རེད། དྲ་ཐོག་ནས་རྙེད་པའི་འབྲེལ་ཡོད་ཀྱི་ཡིག་ཆ་ལས་གསལ་བ་ལྟར་ན། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པ་ནས་དགུ་ཅུ་པའི་བར། གང་བྱུང་དུ་གསེར་བརྐོ་བ་དང་སྣང་མེད་དུ་གཏེར་བསྔོག་པ་ལ་བརྟེན་ནས་གསེར་གྱི་གཏེར་ཁའི་ཡོང་ཁུངས་ལ་གནོད་སྐྱོན་ཐེབས་པ་གཅིག་པོ་མིན་པར་རྩྭ་སའི་ཐོན་ཁུངས་ལ་ཐལ་དྲག་པའི་གནོད་སྐྱོན་ཐེབས་ཡོད། རང་བྱུང་སྐྱེ་ཁམས་ཀྱི་མ་ལག་བཟང་པོའི་འཁོར་བསྐྱོད་རང་བཞིན་ལ་གནོད་སྐྱོན་ཐེབས་པ། དེ་ལ་བརྟེན་ནས་ས་རལ་ཆུ་ཤོར་དང་བྱེ་ཐང་ཅན་དུ་འགྱུར་བ། ཕྱི་ལོ་༡༩༩༩བར་དུ་རྫོང་ཡོངས་ཀྱི་ས་ངོས་སྤྱིའི་རྒྱ་ཁྱོན་47.8%བེད་མེད་བྱེ་ཐང་ཅན་དང་། རི་སྐྱེས་སྲོག་ཆགས་31%ཉུང་དུ་ཕྱིན་ཡོད་པ་རེད།

<ཀྲུང་ཕྱི་ནང་གི་གླེང་མོལ>་ཞེས་པའི་སྟེང་དུ་བཀོད་པའི་་་༼ཉམས་ཆག་འགྲོ་བཞིན་པའི་བོད་ཁུལ་གྱི་རྩྭ་ཐང་༽་་ཞེས་པའི་ནང་དགེ་རྒན་བྱེད་བཞིན་པའི་བོད་མི་ཞིག་ལ་བཅར་འདྲི་བྱེད་སྐབས། བོད་མི་དེས་བཤད་རྒྱུར། “རྨ་སྟོད་རྫོང་ད་ལྟ་ཧ་ཅང་དབུལ་པོ་ཆགས་ཚར་བ་རེད། འཚོ་ཐབས་གཏན་ནས་མི་འདུག གཏེར་ཁ་བསྔོག་འདོན་བྱས་ཟིན། རྩྭ་ཐང་ཐང་གཏོར་སྐྱོན་བཏང་ཚར།” ཡིན་ནའང་རྨ་སྟོད་རྫོང་གི་དྲ་རྒྱའི་ཐོག་ཏུ་ད་དུང་ས་འོག་ཏུ་གཏེར་ཁའི་ཐོན་ཁུངས་མ་བསྔོག་པའི་རིགས་མཐོང་རྒྱུ་ཡོད་པའི་མིང་བྱང་ཡོད་པ་དང་། རྨ་སྟོད་རྫོང་གི་ས་ཕྱོགས་གང་སར་གསེར་ཕུད་པའི་རྡོ་སོལ་དང་ལྕགས། ཟངས། ཚ་ལ་དཀར་པོ། ཧ་ཡང་།ཚྭ་སོགས་ཡོད་པའི་ངོ་སྤྲོད་བྱས་འདུག མ་ཟད་རྡོ་ཐལ་བྲག་རྡོ་དང་གཡང་ཊི་སོགས་ཡོད་པ་དང་ད་དུང་ཡང་གཏེར་ཁ་བསྔོག་འདོན་མཚམས་བཞག་མེད་པ་རེད།

གནད་དོན་འདི་ཡང་སྙིང་ཕྱུགས་འཚོ་བ་ལས་བྱུང་བ་ཡིན་ནམ་མིན། ལོ་ན་བརྒྱད་ཅུར་ཟིན་པའི་འབྲོག་པ་རྒད་པོ་ཞིག་གིས་འདི་ལྟར་ལྡོག་འདྲི་བྱེད། གལ་ཏེ་ཕྱུགས་ཟོག་འཚོ་སྐྱོང་བྱས་པ་ལ་བརྟེན་ནས་རྩྭ་སར་གནོད་སྐྱོན་ཐེབས་པ་ཡིན་ན། ད་ལྟ་ང་ཚོ་སྡོད་སའི་ས་ཆ་འདི་ས་རྒོད་བྱེ་ཐང་ཞིག་ཡིན་ངེས། རྒྱུ་མཚན་ནི་ཁོ་ཆུང་དུས་ནས་བོད་རྐྱང་(རི་དྭགས)བརྒྱ་ཕྲག་མང་པོ་རྩྭ་སར་འཚོ་བ་རེད། ཝྭ་ལི་ཤང་གིས་ཀྱང་ཁོའི་རྩོམ་ཡིག་ནང་དུ་འདི་ལྟར་ལྡོག་དྲིས་བྱས་ཡོད། བོད་མི་རབས་ཚ་རྒྱུད་ཀྱི་ཕ་མེས་ཡང་མེས་ནས་གནས་འདིར་མི་ལོ་སྟོང་ཕྲག་མང་པོའི་རིང་ཕྱུགས་འཚོ་ཡོད་ནའང་སྐྱེ་ཁམས་ལ་གནད་སྐྱོན་མ་ཐེབས་པ་ཅི་ཡིན་ནམ། ཚད་བརྒལ་ཕྱུགས་འཚོ་བྱས་མེད་པའང་ཅི་ཡིན་ནམ།

མཐའ་མཇུག་ཏུ། སྐྱེ་ཁམས་ཁོར་ཡུག་ཉམས་ཆག་འགྲོ་བཞིན་པའི་རྒྱུ་རྐྱེན་གཞན་ཞིག་ནི་བོད་མདོ་དབུས་མཐོ་སྒང་གནམ་གཤིས་ཀྱི་འགྱུར་ལྡོག་ཀྱང་རེད། དེའི་ནང་དུ་ཕྱི་ལོགས་ནས་ཡོང་བའི་མིའི་རྒྱུ་རྐྱེན་ཡང་ཚང་ཡོད་པ་རེད། ངས་བཤད་པ་ནི་གཏེར་ཁ་བསྔོག་འདོན་དང་མིས་བཟོས་ཆུ་རགས་སོགས་ལ་གོ།

                                                        མ་རྩོམ་ཡོང་ཁུངས་འོད་ཟེར་དྲ་རྒྱ་http://woeser.middle-way.net/