རྟག་ཏུ་མ་དྲན་མེད་པར་ཁྱེད་ཚོ་ཡིན།
ཉན་ན་རྣ་བར་ཐོས་ཚེ་ཁྱེད་ཚོ་དྲན།།
བལྟས་ན་མིག་གིས་རིག་དུས་ཁྱེད་ཚོ་དྲན།།
ནང་སེམས་གློ་སྙིང་བསྔོགས་པའི་ཐུ་འོག་ན།།
རྟག་ཏུ་མ་དྲན་མེད་པར་ཁྱེད་ཚོ་ཉིད་།།
འགྱུར་འགྲོས་མྱུར་བའི་མི་རྟག་ངང་ཚུལ་འདིེར།།
བསམ་དུས་སྙིང་པོ་མེད་པར་མཐོང་ན་ཡང་།།
ཤག་ཁྲག་རུས་པར་འདྲེས་པའི་སྤུན་གྲོགས་དག།
མི་ཡུལ་ཞིང་ནས་ཁྱེད་ཅག་ལྷག་ཏུ་དྲན།།
དྲན་དྲན་ཐམས་ཅད་གཟུགས་སུ་གྲུབ་གྱུར་ན།།
འཁོར་བ་འདི་ཡང་སྣོད་དུ་ཆུང་འདུག་པས།།
དེའི་ཕྱིར་རང་སེམས་རང་གིས་གསོས་བྱས་ཏེ།།
མིག་ཆུ་ཐིགས་པ་རང་གིས་ཕྱི་བཞིན་མཆིས།།
ཡ་མཚན་རྫུ་འཕྲུལ་སྣ་ཚོགས་སྟོན་བྱས་པའི་།།
དེང་གི་གར་སྟེགས་ཐོག་ཏུ་འཁྲབ་སྟངས་འདིས།།
གློ་སྙིང་མཆིན་གསུམ་དམར་དམར་ཡིན་ལུགས་འདི།།
བདག་ཉིད་མདུན་དུ་མངོན་བྱུང་བློ་མཐུན་ཚོ།།
སྙན་པའི་ངག་གིས་འཇམ་དབྱངས་ལ་འགྲན་པའི།།
ཚིག་དོན་གཉིས་ཀས་ཐོབ་ཐང་རྩོད་སྟངས་འདི།།
བདེན་པས་བདེན་པར་བརྡར་བའི་དབྱངས་འགྲོས་ཤིག།
གུས་པའི་རྣ་བར་ཐོས་བྱུང་སྤུན་མཆེད་དག།
ཁ་བ་རི་བའི་ནོར་གྱི་བང་མཛོད་དག།
བསྟན་དགྲ་རྐུན་མ་དེ་ཚོར་དབང་གྱུར་ཡང་།།
གཙོ་སེམས་རྗེན་པའི་རྣམ་ཤེས་ཕྲ་མོ་དེ།།
དབང་བར་འདོད་ཀྱང་ནམ་ཡང་འགུགས་མི་སྲིད།།
ལ་རྒྱ་དང་དུང་བ་ཟབ་པའི་མི་བུ་རུས་རྐང་ཅན་གྱི་སྤུན་གྲོགས་དག་ལ་༢༠༡༡་་༦་་༡༥ཉིན་ཐོལ་བྱུང་དུ་བྲིས།
