ཀ་བསྟོད་སེང་གེ་རྣམ་བསྒྱིངས།།

ཅ་ཅོའི་སྒྲོ་སྐུར་དུག་ཆུ་རིང་མོའི་འཇུག་ངོགས་དེར།།

ཆ་མེད་སྤྲང་པོ་ཚེར་མའི་ལྡུམ་བུ་གཙུག་ཏོར་ཅན།།

ཇ་སྙིགས་དོང་ལ་དགའ་མགུར་སྤྱོད་པའི་ཚིག་འཁྲི་པ།།

ཉ་གང་ཟླ་བའི་བསིལ་ཟེར་འོག་ནས་མཚང་འདི་མཐོང་།།

 

ཏ་ལ་སྡོང་པོའི་རང་རྐྱ་མགོ་བོ་ཅུང་གཏུབ་འདྲ།།

ཐ་སྙད་རྔ་བོ་ཆེས་ཆེར་བརྡུངས་ཀྱང་སྙིང་པོས་དབེན།།

ད་ནི་སྤྲེལ་ལད་གཡོ་ཟོལ་རྫུ་འཕྲུལ་ཆེ་ན་ཡང་།།

ན་མོ་མི་ཐུབ་མཐུན་སྣང་འོད་དཀར་འདི་རུ་ཤར།།

 

པ་ཕའི་ཁ་ཆེམས་ལམ་རྒྱགས་ཕུད་ཀྱིས་བུ་གྲལ་བརྫངས།།

ཕ་བླ་བཙོངས་པ་གཏམ་ངན་རླུང་གིས་འུར་འུར་ཁྱེར།།

བ་སྤུ་རེ་ལ་མ་རབས་སྒྲུང་གི་གཏམ་རྒྱུད་ཅན།།

མ་བཟང་བུ་འདིའི་ཞབས་སྟེགས་ལོ་བ་མི་ཚོར་རོ།།

 

ཙ་ར་གཅོད་གཞི་ཇག་པའི་གཏེ་བོར་སྐྱབས་བཟུང་ནས།།

ཚ་དང་འཁོར་གསུམ་བཙན་སྒྲིག་ཁབ་ཀྱིས་སྙིང་བསྣུན་པ།།

ཛ་ལང་ཁྲོ་བའི་མཆེ་གཙིགས་སྡེར་བགྲད་ཆོས་བརྒྱད་ཀྱི།།

ཝ་མོའི་ཚོགས་ལ་གངས་ཀྱི་རྒྱལ་པོ་འདི་ཉིད་བྱོན།།

 

ཞ་བོས་གཞུང་ལ་འཕྲིག་ཚུད་རློམ་པའི་ཁྲེལ་མེད་མ།།

ཟ་ཉལ་གྲོལ་འདོད་རྡོ་རྒྱབ་ས་བོན་ཧམ་གོམས་པ།།

འ་འུར་སྲིད་མཚོར་བཙན་གྱིས་ལྷུང་བ་རྣལ་འབྱོར་རྣམས།།

ཡ༵་མཚན་མ༵་སྨད་བསོ༵ད་ནམ༵ས་ལྷ་འདིར་འགྲན་མི་བཟོད།།

 

ར་མ་ལུག་གིས་ཁྲི་མཁན་མིང་དེ་ལོག་སྤྱོད་ཀྱིས།།

ལ་ཞེན་ནག་པོ་འོ་མཚོའི་གཏིང་ལ་དུག་འབོམ་མ།།

ཤ་འཁོན་མ་སྤངས་ཆེན་པོའི་མིང་ཅན་བསྟན་བཤིག་ཀུན།།

ས་མཁན་དྲུང་དུ་དོན་གྱི་བྱིས་ཕྲུག་ཀླད་མེད་ཅིག།

 

ཧ་ཧ་ཁ་ཁོག་འགལ་ཟླའི་སྒྱུ་མའི་གྲོང་ཁྱེར་ན།།

ཨ་ཙི་ཟུར་ཕུད་དོར་འདིར་རྒོལ་བ་མ་ནུས་སོ།།

ཨ་ལ་ལ་ཡིས་ས་གསུམ་བསྒུལ་བའི་སྔོན་བརྡ་ཡིས།།

ཧ་ཅང་མཚར་བ་སྨྱུ་གུའི་ཟོལ་གྱིས་འབུས་ལ་བྲེལ།།

 

ས་མོ་བྱ་ལོར་ཁྱེའུ་མིག་གི་བདུད་རྩི་ཞིག།།

ཤ་ཐུད་འོ་མས་མཚན་དཔེ་འདབ་སྟོང་རབ་བཀྲ་བའི།།

ལ་རྩེའི་ཉི་གཞོན་ནོར་བུ་གླིང་ཞེས་གྲགས་པའི་ཡུལ།།

ར་རིས་མ་གོས་མཚོ་སྐྱེས་བཞིན་དུ་སྐུ་བལྟམས་སོ།།

 

ཡ༵་རབས་གོང་མ༵འི་བསོ༵ད་ནམ༵ས་ཡེ་ཤེས་བརྣག་པ་དེས།།

འ་ཅག་མ་ལུས་སྐུ་བཞིའི་ཁྲི་ལ་དབང་བསྐུར་ཕྱིར།།

ཟ་ཉལ་མ་རྔམ་བཤད་སྒྲུབ་གླིང་དང་ཀླུ་སྦྱིན་སྒར།།

ཞ་ཆག་མ་བྱུང་བརྩོན་འགྲུས་རྟ་ཕོ་ལྕག་གིས་བྲབས།།

 

ཝ་ལེ་གཞུང་དོན་གཏིང་རུམ་དེ་ནས་འོད་འཚེར་ཞིང་།།

ཛ་དྲག་དུས་དེར་ཀླུ་སྦྱིན་དགེ་བཤེས་ཨ་ཆུང་བཀུར།།

ཚ་འདྲི་རྒོད་ཀྱང་བུམ་པ་གང་བྱོའི་བདུད་རྩིའི་རྒྱུན།།

ཙ་ར་ར་ཡིས་གདུང་འཚོབ་སྤུས་མ་གཅིག་ཉིད་གྱུར།།

 

མ་དག་རྒྱུན་འབྱམས་ལེའུ་ནག་པོར་ཐུགས་སུན་ནས།།

བ་དྲིས་མ་ཡི་མདོ་སྔགས་གཞུང་བརྒྱའི་རྩི་བཅུད་དེ།།

ཕ་རྗེས་བུ་ཡི་གཅེས་ནོར་མཁྱེན་ཏེ་ཉི་ཤུའི་ཐོག།

པ་ཊའི་ཡུལ་ལྗོངས་སྲོག་བསྡོས་ཞབས་སེན་ཆེད་དུ་བཀོད།།

 

ན་མཉམ་མང་པོ་མར་བབ་ཕར་ལྡིང་རླུང་ཡན་ཁྲོད།།

ད་གཟོད་བསྡུས་གྲྭའི་དགག་བཞག་སྤོང་དེ་མ་བསླབ་པར།།

ཐ་དད་འཛིན་གྲྭ་ཐོད་རྒལ་སྙེག་པའི་གར་སྟབས་རྩེན།།

ཏ་ཐྭ་ག་ཏའི་བྱིན་རླབས་ཚོན་ཁ་གཞན་ལས་མྱུར།།

 

ཉ་གང་མགོན་དེས་ཆོས་ལྡན་འཕྲིན་ལས་པདྨ་སོགས།།

ཇ་ཕུད་མཆོད་ཅིང་བསམ་སྦྱོར་གཉིས་ཀྱིས་རབ་བསྟེན་ཞིང་།།

ཆ་རྫོགས་ལྷ་ལས་ཉེས་མེད་བསྙེན་པ་ཧུབ་ཀྱིས་བཞེས།།

ཅ་ཅོའི་ལོག་གཏམ་ཐལ་རྟགས་རིགས་པས་ཧྲུག་གེར་བྱས།།

 

ང་རོ་རྩོམ་གྱིས་ལྷ་ལྡན་ལྷ་རམས་ཀུན་གྱི་ཏོག།

ག་ཤལ་གནད་ཀྱི་ཞིབ་ཆ་ཕྲ་མོའི་དཔེ་མཁྱུད་སྤངས།།

ཁ་མཉམ་ཡོངས་ཀྱི་བདེ་སྡུག་ཐུགས་ཀྱི་གཏིང་ན་ལྕི།།

ཀ་བ་ལྟ་བུའིི་བསྟན་འཛིན་རྣམ་ཐར་བརྗོད་མི་ལོང་།།

 

ངེས་དོན་གྱི་མཁས་དབང་དུ་གྱུར་པ་ཟླ་མེད་བཤེས་གཉེན་མཆོག་ལ་ཅུང་བསྟོད་པ་ཀ་བསྟོད་སེང་གེ་རྣམ་བསྒྱིངས་ཞེས་བྱ་བ་འདི་2011-8-13ཉིན་བྲིས།། །།