༈ ཨ་མའི་ཁ་ཆེམས།
ཨ་མའི་གདོང་ལ་གབ་པའི་སྐྱོ་ཉམས་དེས།།
ཨ་ཕའི་ཁོག་མས་བྲིས་པའི་སྐལ་ཞིག་ལྷག།།
ལྟོ་བ་འབུར་ལ་ཙོག་པའི་ཉིན་ཐོ་ངོས།།
མྱི་སྐད་དག་མོས་ཨ་མར་དངངས་ཤིག་བསླང་།།
ཞིག་རལ་གྱང་ལྡེབས་འོག་གི་མལ་ས་རུ།།
ཨ་མའི་རྨི་ལམ་འཁྲུག་པའི་སྒྲུང་ཞིག་བཀལ།།
སྒོ་ཁྱི་རྒྱ་བོས་ལད་ཟློས་འབོད་སྟངས་དེས།།
ཇག་པ་རོང་ལ་ལྕེབས་པའི་གབ་ཚིག་འཐེན།།
ཕྱི་རོལ་མུན་པས་སྟུག་པའི་མཚན་མོ་དེར།།
སྤྱང་མོ་སྟོང་གིས་ལྷས་ར་ཚལ་བུར་བཏང་།།
ནང་མི་བྱང་ཐང་བྲོས་པའི་ཕྱི་ཉིན་ནས།།
སྦྲ་གུར་ངོ་གདོང་འདི་ཡང་སྐྱོ་བས་ཁེངས།།
ཡ་གི་སྒོ་བྱང་མེད་པའི་རི་ཁྲོད་དེར།།
གླེགས་བམ་གཅེན་བུ་དེ་ཡང་འཁྱག་ལ་འབྱར།།
མཆོད་ཀོང་མུག་ཤི་ཐེབས་པའི་གྲ་བཤམ་ན།།
སྒོམ་ཆེན་དབུ་སེར་ཅན་དེ་བྲོས་ན་ཐང་།
མ་གི་སྒར་ལ་བསླང་བའི་དར་བོ་ཆེན།།
དཔུང་པའི་ཤ་རྩི་བསྲེགས་ཏེ་བསྒྲེང་ནས་འདུག།
མིག་ལ་འཚེ་བའི་ཚོན་གྱི་དྭངས་ཀ་དེས།།
ཕ་གཞིས་སྣུམ་པོ་དེ་ཡང་ཆམ་ལ་ཕབ།།
གླིང་བུ་རྩེད་སྟངས་ཤིག་གིས་བྱ་ལས་ཀྱིས།།
རྐང་པའི་གྲལ་ཁ་འཆུག་པའི་བྲོ་ར་གྱེས།།
ཁོག་པ་གདངས་ལ་གྱེར་པའི་གནས་ལུགས་འོག།
འཇིག་རྟེན་ལྟག་སྒོར་འགྲིམ་པའི་གླུ་བ་མང་།
སྒོ་ར་རྙིང་པའི་གྱང་གི་ལྡེབས་རིས་ངོས།།
གཏམ་རྒྱུད་ནག་པོའི་མཆན་ཞིག་བཏབ་ནས་འདུག།
ལྐུགས་ལ་འབྱར་བའི་ཨ་མའི་མཛུབ་མོ་དེས།།
མ་གི་འབྱོར་ལྡན་ཚང་ལ་འཁོན་ཞིག་འདུག།
ཨ་ཕའི་ཁ་ཆེམས་གླེང་དུས་པྲ་འཚག་གིས།།
ཨ་མ་བཤུམ་སྟེ་སྐད་ཆའི་གདངས་ཀྱང་འཁྱོག།
མི་རབས་ཤིག་གི་མི་ཚང་གསང་བ་དེས།།
པུར་སྒམ་ཐེམ་པོ་རྒྱག་པའི་ཚད་དུ་སླེབས།།
2011/93 ཉིན་བྲིས།།