བརྩམས་སྒྲུང་།

ས་འཛིན་རི་བོ་མཐོན་པོ་རྣམས་པད་འདབ་ལྟར་མཐར་གྲུ་མཉམ་ཞིང་མཐོ་དམན་ཡང་མདུན་ངོས་སུ་གནམ་འདེགས་ཀ་བ་ལྟར་བལྟས་ན་།མགོ་བོ་གྱེན་དུ་བསྟན་ནས་བལྟ་དགོས་པ་དེ་འདྲ་མིན་པར་ཁ་དབྱེ་རན་པོའི་ཚོད་དུ་ཡོད།

རི་བོ་མཐོ་ཤོས་ཁ་ཤས་ཀྱི་མིང་སྨྲོས་ན། ཤར་རྒྱལ་དུང་རི་དཀར་མོ་དང་། འཇང་ལྷ་གད་མཛོད་སོགས་ཡུལ་འདིའི་སྡེ་ཚོགས་ཀྱི་ཤར་ངོས་སུ་འགྱིང་ངེར་གནས་ཡོད། ཤར་རྒྱལ་དུང་དཀར་རི་བོ་ནི་ཆོས་ལུགས་དང་འབྲེལ་བའི་ལོ་རྒྱུས་ནས་བཤད་ན་ཉན་སྤྲོ་བ།བྲིས་ན་ཀློག་སྙིང་འདོད་པའི་ལོ་རྒྱུས་རིང་མོ་ལྡན་རུང་སྐབས་སུ་མི་པས་སྤྲོ་བར་མི་བྱ། མིང་འདོགས་ལུགས་སྡེ་ཚོགས་འདིའི་ཤར་ངོས་སུ་མི་རྐྱང་རྐང་བགྲོད་ཉིན་ཕྱེད་ཀྱི་ས་ན་རི་བོ་རྩེ་མོ་ནས་སྐེད་པ་བར་གངས་དང་གངས་འཁྱག་གིས་རིལ་པོ་བཏུམ་ཞིང་།རྒྱང་ནས་རི་བོའི་རྩེ་མོ་ནས་སྐེད་བར་ཕྱོགས་ཙམ་བལྟས་ཚེ་དུང་དཀར་གསོན་པོའི་སྣང་རྙན་ཞིག་བསྐྲུན་ངེས་པས་མི་རྣམས་ཀྱིས་དེ་ལྟར་འདོགས་པ་ཡིན་ངེས་།

དེ་འོག་འཇང་ལྷ་གད་མཛོད་སོགས་རི་བོ་ཆེན་པོ་དེ་རྣམས་རྩེ་མོ་དུང་ཏོག་ལྟར་དུས་བཞིར་གངས་འཁྱག་གིས་ཁྲ་ལྡོག་ལྡོག་ཏུ་བཏུམ་ཞིང་སྨུག་པ་དང་ན་བུན་འཁྲིགས་པའི་མཁའ་དབུག་གིས་དབྱར་ཚ་བའི་དུས་སུ།དཀར་འཇམ་བལ་གྱི་འཐག་པའི་སྐེ་དཀྲིས་བཞིན་ཁྲ་ལམ་ལམ་དུ་རི་བོ་རྩེ་མོར་འཁོར་བཞིན་པར་བལྟས་ན་ཕལ་ཆེར་སེམས་ལྡན་མི་ཞིག་གི་གྲང་ངེད་འགོག་པའི་སྐེ་དཀྲིས་ཞིག་འཁྲིལ་གྱིན་པ་དང་ཕྱོགས་མཚུངས།དེ་ནས་རྫ་གཡའ་སྤང་གསུམ་གྱི་ཚོན་འདོགས་ཀྱིས་རི་བོའི་སྟོད་སྨད་ནས་ནར་མརའཇའ་རིས་ལྟར་བསྐོར་བ་ནི་དེང་གི་དུས་དཔར་རིས་རྙན་ལེན་པས་དགའ་ཤོས་བྱེད་ངེས་པའི་ཚོད་དུ་ཡོད་།

དེ་ལྟར་སོང་ཡུལ་ལྗོངས་རང་བྱུང་ཁོར་ཡུག་གི་བཀོད་པ་ནི་ཡུལ་དེ་ཁ་ཤར་གྱི་ཕྱོགས་སུ་བསྟན་ཡོད་ཅིང་བོད་ཡུལ་དུ་དུས་བཞིའི་ཁོར་ཡུག་གི་འགྱུར་བའི་རྐྱེན་པས་དགུན་གྱི་དུས་སུ་ཧ་ཅང་གྲང་ནས་རི་ལུང་ཚང་མ་གྲང་བས་འཆིང་གིན་ཡོད་སྟབས་ཁ་ཤར་ཕྱོགས་སུ་འཁོད་པ་ནི་ཕལ་ཆེར་ཁེ་ཕན་དང་རྒྱལ་ཁའི་ལམ་བུ་ཞིག་ཏུ་རྩི་སྲོལ་ཡོད་པ་ལྟར་དུ་གནས།ཡུལ་དེར་སྤྲི་ཚོགས་རྙིང་པའི་སྐབས་སུ་རྟ་དྲེལ་འགྲིམ་འགྲུལ་གྱི་ལམ་ནས་སྨད་རྒ་ནག་སྟོད་རྒྱ་གར་དང་བལ་པོའི་སོགས་སུ་ཚོང་འགྲུལ་བ་མང་ཞིང་ཕལ་ཆེར་འབྱོར་ལྡན་ཅན་གྱི་གྲོང་སྡེ་ཞིག་ཡིན་པར་བཤད་མ་དགོས་ཞིང་།གནས་ས་བཟང་བའི་རང་བྱུང་གཏེར་རིགས་ཐོན་ཁུངས་ནི་ཧ་ཅང་ལེགས་པ་དང་།ཡུལ་འདིའི་གོམས་སྲོལ་ནི་རི་ཀླུང་ནས་ཐོན་སྐྱེད་སྔོག་འདོན་བྱས་ནས་བེད་སྤྱོད་པའི་ལམ་ལུགས་གཏན་ནས་མེད།

གང་ཡིན་ཟེར་ན་ཡུལ་སྼོལ་གོམས་གཤིས་ཀྱི་ཁྲོད་ནས་ལྷ་གཉན་ཀླུ་གཉན་དུ་བལྟ་བའི་བག་ཆགས་རྣིང་པ་ཞིག་དང་མི་ཤི་གོད་ཆག་གི་ཁྲོད་ན་ཆེས་འཇིགས་རྔམ་ཅན་གྱི་གཏམ་རྒྱུད་གསོན་པོ་ཞིག་གིས་ཡར་ཐོན་གསར་སྤེལ་གྱི་ལམ་ལ་འགོག་རྐྱེན་བཟོས་ཡོད་ལ་།དེ་ལས་གཞན་དེང་གི་བཤད་པ་ལྟར་ཁོར་ཡུག་ལ་བདག་གཅེས་ནན་མོ་ཐུབ་ཡོད་པ་ནི་དེ་འདྲའི་བལྟ་ཚུལ་ཞིག་གིས་དབང་བཟས་པ་རང་ཡིན།

ཡུལ་ལུང་དེར་སྡེ་ཁག་ཚན་པ་བཅུ་གྲངས་ཤིག་ཡོད་ཅིང་ཡུལ་གྱི་གཙོ་བོ་འཁྲུག་སའི་རྒྱལ་ས་ལྟ་བུ་ནི་གོང་བཀོད་ཡུལ་པད་མ་སྡེ་ཚོགས་འདི་ཡིན་ཅིང་ཞོགས་པའི་རི་བོ་དང་བར་སྣང་མཚམས་ནས་སྣང་བའི་སྐ་ྱ་མདའ་ཕོག་ཟིན་ཏེ་དུད་ཚང་རྒ་ཙམ་གྱི་རང་ཁྱིམ་ནས་མེ་བཏང་བའི་སྔོ་གསང་དུད་པ་བར་སྣང་དབར་འཁྲིག་པས་མི་རྣམས་ཀྱི་སྣང་ངོར་དཀར་ལམ་མེར་རམ་ཡང་ན་སྐྱ་ཐིང་ཐིང་གི་སྣང་བའི་འོད་རླབ་ཞིག་སྦྱིན་གྱི་ཡོད།ཆེས་ཞོགས་པའི་དུས་ཚོད་ནི་མི་རྣམས་ཀྱི་སེམས་ངོར་རིན་ཆེན་ནོར་བུ་ལྟར་རྩ་ཆེན་དོན་ཆེར་ཞིག་ཡིན་པར་སོང་།དགེ་སེམས་ཆེ་བ་རྣམས་གྲོང་སྟོད་ལེ་དབར་ཁ་ཤས་ཀྱི་ས་ན་འབུར་ཏོ་དགོན་ཆེན་ཞེས་པའི་ལོ་རྒྱུས་རྩ་ཆེན་ལྡན་པའི་དགོན་དེར་ཕྱག་མཆོད་མཁན་ནི་རྒྱུན་མར་སྐྱོད་བཞིན་ཡོད་།དེ་དང་ཕྱོགས་མཚུངས་ལས་བྲེལ་ཆེ་བ་རྣམས་ནི་ཞོགས་ཀའི་ཆུ་ལེན་པ་དང་འབུད་ཤིང་བཏུ་བ་ཡང་རྒྱུན་ལྡན་གྱི་ལས་དུས་ལ་མི་གནོད་པའི་ཞོགས་དུས་ནི་གལ་ཆེན་ཞིག་ཡིན་སྟབས་གོྲག་མ་གྲོག་མཁར་ནས་ཐོན་པ་ལྟར་གཅིག་རྗེས་གཉིས་མཐུད་ཀྱིས་གང་ལྟར་དགོན་འོག་གི་ལམ་འཕྲང་དེར་འཚང་ཀ་ཆེ་བའི་དུས་ཤིག་ཡིན། མུ་འབྲེལ གསལ་འདེབས།ཀློག་ཐེང་ཞིག་ལ་ནོར་བཅོས་གཅིག།