རྨ་ཁ།

 

 

ཟླ་མེད་མཚན་མོ་ཡི་འགྲུལ་བསྐྱོད།།

ལུས་ལ་གནོད་པ་ཡང་མ་བྱུང་།།

འདས་དོན་བསམ་གཞིགས་ཀྱི་རི་མོས།།

སེམས་ལ་རྨ་ཁ་ཞིག་བཟོས་བྱུང་།།

 

མཚོན་ཆས་གཅོད་ལུས་ཀྱི་རྨ་ཁ།།

སྨན་པས་བཅོས་ཐབས་ཞིག་འདུག་ཀྱང་།།

གཟུགས་མེད་སེམས་གཏིང་གི་རྨ་ཁ།།

སྨན་གྱིས་གསོ་ཐབས་ཤིག་མི་འདུག།

 

མཛེས་སྡུག་ཡིད་འཕྲོག་གི་ལྷ་མོ།།

བརྩེ་འཛུམ་དུང་སེམས་ཀྱི་ཉི་འདོ།།

ཉིན་མཚན་ཁྱད་པ་ཞིག་མེད་ཀྱང་།།

ལས་ཀྱི་སྐལ་བ་དེ་དམན་སོང་།།

 

བྱང་རྒྱལ་བསིལ་ལྡན་གྱི་ཞིང་ནས།།

ངེས་མེད་ལྷོ་མཐར་རུ་འཁྱམས་པའི།།

བདག་མེད་སྦྲང་བུ་ངའི་རྣམ་ཤེས།།

ཁྱོད་ཀྱི་སྙིང་གཏིང་ལ་ཐིམ་སོང་།།

 

ཁུ་སིམ་ནམ་ཟླ་ཡི་འགོ་ནས།།

བདེ་སྡུག་ལབ་གླེང་གི་ཕྲེང་བ།།

ངུ་མ་དགོད་སྒྲ་ཡི་གླུ་འདི།།

རྒྱང་རིང་གཞན་གྲོང་ནས་ཕུལ་ཡོད།།

 

ཀྱག་ཀྱོག་རྒྱུས་མེད་ཀྱི་ཡུལ་ནས།།

རླུང་འཚུབ་ཕར་ཁ་ནས་ལྡང་ཐལ།།

དྲན་གདུང་གངས་ལྷ་ཡི་ཕྱོགས་ལ།།

སྨོན་ལམ་སེམས་དབུས་ནས་འདེབས་ཡོད།།