ང་ལ་གོན་པ་གྱོན་རྒྱུའི་ཐོབ་ཐང་མི་འདུག
གྲོག་ཚང་ལྟ་བུའི་གྲོང་ཁྱེར་ནང། ང་ནི་ ཝ་མོ་སྨིག་པའི་ནང་དུ་བཏང་བ་བཞིན། ང་ལ་ཁ་ཕྱོགས་འདི་ཞེས་དམིགས་ཡུལ་འཛིན་ས་ཞིག་གཏན་ནས་མེད་པ་མ་ཟད། རྩྭ་ཐང་བཞིན་ཡངས་ཤིང་།མེ་ཏོག་བཞིན་མཛེས་པའི་ངའི་དག་གཙང་གི་སེམས་པ་ཡང་ནག་ནོག་ཏུ་བཏང་སོང་།
མི་ཚང་མ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་པ་རང་རང་གི་འཚོ་བའི་དོན་ཡིན་པ་ཡང་ངས་ངོ་མས་མ་ཤེས། ངའི་གཟའ་ཟླས་བཤད་ན་འདི་ནི་ནུབ་ཕྱོགས་པའི་འཚོ་བའི་དགོས་མཁོ་ཟེར་ན་ཡང་ཆོག ལུགས་སྲོལ་ཟེར་ན་ཡང་ཆོག འདིའི་གནས་སྟངས་དང་ལུགས་སྲོལ་ལ་མཐུན་དགོས་ནི་རེད། རྩྭ་ཐང་གི་ལྟ་བ་མཁྲེགས་པོ་དེ་སྤོང་དགོས་ཟེར། སྐད་ཆ་དེ་ནི་ང་ལ་མཚོན་ན་ཆེས་མི་སྙན་པ་ཞིག་ཡིན་ཡང་། ངས་ཨུ་ཚུགས་ཀྱིས་ཉན་ནས་ལོ་འགའ་འདས་སོང་།
ད་ལོའི་ཟླ་བ་འགའ་ཤས་ཀྱི་སྔོན་ལ་ངེད་གཟའ་མི་གསུམ་པོ་རྒྱ་གར་དུ་ཡོང་ནས་ཟླ་བ་གཅིག་ཙམ་རིང་རྡ་སར་བསྡད་པ་ཡིན། རྡ་སའི་བུད་མེད་མང་བོས་ལྷ་སའི་འཕྱི་པ་དང་ཨ་མདོའི་ལྭ་བ་གྱོན་ཡོད་པ་མཐོང་དུས། བོད་ཡུལ་དང་གཉིས་སུ་མ་མཆིས་པའི་ཚོར་བ་ཞིག་ངང་གིས་སྐྱེས་ཡོང་གི་འདུག དེ་ནི་རང་ཉིད་རྩྭ་ཐང་ནས་སྐྱེས་ཤིང་རྩྭ་ཐང་ལ་གོམས་པའི་རྐྱེན་ཡིན་སྲིད་ལ། རང་གི་སེམས་ལ་བོད་རིགས་ཤིག་ཡིན་པའི་མིང་ཡིག་ཅིག་བྲིས་ཡོད་པའི་རྐྱེན་ཡང་ཡིན་སྲིད།
ཕྱི་གླིང་གི་བོད་མི་ཚོས་དུས་ཆེན་ཁག་དང་ལོ་སར་ལ་མ་གཏོགས་བོད་ལྭ་གྱོན་མཁན་མེད་པས། ངའི་སེམས་པར་དེ་རིང་འདིར་དུས་ཆེན་ཞིག་ཡིན་ས་རེད་སྙམ། ཡིན་ནའང་ཟླ་བ་གཅིག་གི་རིང་ལ་བུད་མེད་མང་པོས་དུས་རྒྱུན་དུ་བོད་ལྭ་གྱོན་ནས་ལས་ཁུངས་དང་། ཁྲོམ་ར། རང་ཁྱིམ་གང་ཡིན་ཡང་བོད་ལ་གྱོན་བཞིན་ཡོད་པ་མཐོང་རྗེས། ངས་ཀྱང་བོད་ལྭ་གྱོན་འདོད་པའི་སེམས་ཤུགས་དྲག་པོ་ཞིག་བསླེབས་སོང་།
ངས་ཨམ་ལྭ་ཞིག་བཟོས་ནས་ཕྱིར་ཕྱི་རྒྱལ་དུ་ལོག་རྗེས། ངས་རང་གི་བཟའ་ཟླ་ལ་རྒྱུན་དུ་བོད་ལྭ་གྱོན་རྒྱུ་ཡིན་པའི་རེ་བ་བཏོན་པ་ཡིན། སེམས་ཕམ་པ་ཞིག་ལ་ཁོས་ང་ལ་ཁྱོད་ལ་རྩ་མི་ཚང་གི་ཟེར། འདིར་སུ་ཞིག་གིས་བོད་ལྭ་གྱོན་ནས་ལས་ཀར་འགྲོ་བཞིན་ཡོད་ཅེས་གཤེ་གཤེ་བཏང་ནས་བོད་ལྭ་གྱོན་རྒྱུར་དགག་བྱ་བྱེད་ཀི་འདུག ང་ཆེས་དགའ་སའི་གོན་པ་གྱོན་པའི་ཐོབ་ཐང་དེ་ཁྲིམས་ཐོག་ན་ཡོད་ན་ཡང་། ངའི་བཟའ་ཟླའི་ཁྲིམས་འོག་ནས་གྱོན་ཐུབ་ཀྱི་མི་འདུག་པས། ངེད་གཉིས་ཀྱི་དབར་ལ་ཁ་རྩོད་ཤོར་གི་འདུག ཁོས་ང་ལ་ཁྱོད་ཀྱིས་ང་ལ་ཐོབ་ཐང་རྩོད་ཀི་འདུག་ཅེས། གཤེ་གཤེ་གཏོང་བ་མ་ཟད་ད་དུང་ཁྱོད་ལོ་འདི་དག་ནང་ལ་འགྱུར་བ་ཆེན་པོ་འགྲོ་སོང་ཞེས་ཚིག་ངན་དང་རྣམ་འགྱུར་ངན་པ་བསྟན་ནས། ང་ལ་ཅོ་འདྲི་སྣ་ཚོགས་བྱེད་ཀི་འདུག
དུས་དེ་ནས་བཟུང་། ངེད་གཉིས་བཟའ་འཁོན་བྱས་པའི་འགོ་བརྩམས་པ་རེད་ལ། འཁོན་འཛིངས་གང་མང་བྱས་རྗེས། ཁོང་གིས་ཁྱོད་ལ་བོད་ལྭ་དགོས་སམ། བཟའ་ཚང་དགོས་ཞེས་གདམ་ཁ་བྱེད་དུ་བཅུག་སོང་། ང་ཆེས་དགའ་སའི་གོན་པ་གྱོན་པའི་དབང་ཆ་མེད་རུང་ངེད་གཉིས་ལ་ལྷད་མེད་ཀྱི་བརྩེ་དུང་ཞིག་ཡོད་ངེས་ཡིན་ལ། ལྷད་མེད་ཀྱི་བརྩེ་དུང་ལ་ཡང་འབྲས་བུ་ཆུང་ཆུང་ཞིག་སྨིན་ཡོད་པས། ངས་ཁྱོ་ག་འདེམས་དགོས་སོང་།
ཡིན་ནའང་དུས་ནམ་ཡང་ངའི་སེམས་ལ་ང་ལ་བོད་ལྭ་གྱོན་པའི་ཐོབ་ཐང་མེད་བསམ་ནས་བརྗོད་ལས་འདས་བའི་སྡུག་བསྔལ་ཞིག་ངའི་སྙིང་ལ་བཟུང་ཡོད།
དེ་རྐྱེན་གྱིས་ངས་བོད་ཀྱི་མཁས་དབང་དང་འདི་ཀློག་མཁན་ཚོས་བདག་ལ་ནོར་འཁྲུལ་ཡོད་མེད་དང་། ངེད་བཟའ་ཚང་གཉིས་ཇི་ལྟར་བྱས་ན་འགྲིག་མཐུན་ཡོང་མིན་གྱི་ཐད་ལ། ལམ་སྟོན་ཞིག་འཚོལ་འདོད་པའི་རེ་བ་ཞིག་བཅིངས་ནས་གནས་ཚུལ་འདི་ཆང་ས་དྲ་བར་ཕུལ་བ་ཡིན། ཆང་ས་དྲ་བས་ང་ལ་ལམ་སྟོན་ཞིག་གནང་རོགས།