སྙིང་སྟོབས་ལས་མཆེད་པའི་མེ་ལྕེ།
གངས་རིའི་རྩེ་མོ་ནས་མཁའ་མཐར་ཁྱབ།
ཁྱེད་མེད་ན་གངས་རིའི་ཕ་ས་སུས་འཛིན།
རི་དྭགས་ཀྱི་རྒྱལ་པོའང་མེད་པར་འགྱུར།
ད་དུང་། བདེན་དོན་གཡུ་རལ་གྱི་དར་ཆ་སུས་བསྒྲེངས།
རྒྱ་རྫོང་ནགས་དཀྱིལ་ན་བརྗིད་པའི་སྟག་མོ་འཛུམ་དྲུག
ཁྱེད་ཀྱི་བང་རྩལ་རེ་རེས་རི་ལུང་དུ་མར་བརྒལ་དུས།
འཕར་བ་དམར་པོ་བརྒྱ་ཕྲག་ལ་ངོམས་པའི་ཁྱེད་ཀྱི་བང་རྩལ།
རབ་དཀར་སྤྲིན་པ་དང་འགྲོགས་ཏེ་མཁའ་ལ་དབྱིངས།
ཁྱེད་མེད་ན་འཛུམ་དྲུག་གི་རི ་མོ་རྒྱས་ཐབས་མེད།
ཁྱེད་མེད་ན་རྒྱ་རྫོང་ནགས་ཚལ་ཡང་སྟོང་བ་འདྲ།
ད་དུང་། མདུན་བསྐྱོད་མགྱོགས་རྩལ་གྱི་འཁྱུག་འགྲོས་སུ་ལའང་མེད།
བོད་མདོ་སྟོད་དུ་འཚར་བའི་རྒྱལ་གཅེས་པ་ཚེ་དབང་ནོར་བུ།
ཁྱེད་ཀྱིས་བློས་བཏང་གི་མེ་ལྕེ་གངས་ལྗོངས་སུ་མཆེད་ཚེ།
སྲིད་དབང་སྒེར་འཛིན་པའི་དམར་ཕྱོགས་པ་དུ་མས།
ཁྱེད་ལ་ཧང་སང་ཧོང་འཐོར་བཞིན་དམོད་ཚིག་བོར།
རྟའུར་དམ་བསྒྲགས་བྱས་གློག་དྲའི་བརྒྱུད་ལམ་ཐམས་ཅད་བཀག
རྒྱལ་སྤྱི་ཐོག་ཁྱེད་ལ་དོ་སྣང་ཆེན་པོར་སླེབས།
ཁྱེད་ཀྱི་སྙན་གྲགས་རི་བོ་ཧེ་མ་ལ་ཡའི་རི་རྩེ་ནས་འཛམ་གླིང་གི་ཤར་ནུབ་ཀུན་ཏུ་ཁྱབ།
ཆབས་ཅིག་རྟའུ་ཉ་མཚོ་དགོན་པའང་འཛམ་གླིང་གོ་ལ་ཧྲིལ་པོར་བསྒྲགས་ཐུབ་པ་བྱུང་།
ཁྱེད་མེད་ན་ཚེ་སྲོག་གིས་དཔལ་འབར་སུས་སྦར།
ཁྱེད་མེད་ན་རྒྱལ་དམངས་ཀྱི་མདུན་ལམ་སུས་བསྒྲུབས།
ད་དུང་། ལ་རྒྱ་སྙིང་སྟོབས་ཀྱི་དཔལ་འབར་ཡང་སྦར་མི་ཐུབ།
ཚེ་དབང་ནོར་བུ་ཡ། རྒྱལ་གཅེས་དཔའ་བོ།
ཁྱེད་ཀྱིས་མཛད་སྤྱོད་ལ་བལྟས་ན།
རྒྱལ་སྲས་སེམས་དཔའ་ཆེན་པོ་ཞིག་ཡིན་པ་ཐག་གིས་ཆོད།
རྒྱལ་བའི་ཐུགས་སྲས་ཤིག་ཡིན་པ་གོར་མ་ཆག
ངས་ཁྱེད་ལ་རྗེས་སུ་ཡི་རངས་དང་གསོལ་བ་སྨོན་ལམ་ལན་བརྒྱར་ཞུ།
༢༠༡༡ཟླ་༩ཚེས་༤བདུན་ཚིགས་གསུམ་པར་གདུང་སེམས་མཉམ་བསྐྱེད་ཀྱི་མཚོན་བྱེད་དུ་བྲིས། འོན་ཀྱང་དུས་ཐོག་འབྲི་ལོང་མ་བྱུང་བར་བློ་ཕམ་བཅས་ཧེ་མ་ཅལ་གྱི་རྒྱལ་སའམ་དབྱིན་གཞུང་སྐབས་ཀྱི་དབུས་གཞུང་གི་དབྱར་ཁའི་རྒྱལ་ས་སིམ་ལ་ཀླུའི་ཕོ་བྲང་གི་གྲུ་ཟུར་ཞིག་ན་བྲིས།