སྒོང་ཏོག་ལ་འགྲོ་སྐབས་ཀྱི་ཉིན་ཐོ་དུམ་བུ་ཞིག།
ཡོངས་གྲགས་ལ་བམ་པོ་རེ་རེ་ལ་ཤོ་ལོ་ཀ་སུམ་བརྒྱ་རེ་ཡོད་ཟེར་སུམ་བརྒྱ་ཐམ་པ་སུམ་བརྒྱ་དང་བཞི་དེ་༩༡༢༠༠ཡིན་པས་ཁྲི་གཅིག་ལ་༨༨༠༠ཡིས་མི་འདང་འདི་ལ་ཆོས་རྭའི་ནང་རྩེད་གྲོགས་རེ་ཟུང་གིས་བོད་བསྒྱུར་གྱི་འབུམ་ནང་གི་རྟག་ཏུ་ངུ་དང་ཆོས་འཕགས་ཀྱི་སྐོར་དེ་བརྒྱད་སྟོང་པའི་དེ་དང་རྒྱས་བསྡུས་མཚུངས་པས་འབུམ་རང་གི་རྟག་ངུའི་སྐོར་དེ་བོད་ཀྱི་འབུམ་ནང་མེད་ཟེར་ཁོ་ཚོས་འབུམ་གྱི་རྟག་ངུའི་སྐོར་དེ་ཧ་ཅང་རྒྱས་དགོས་པ་བཤད་ཁོ་བོ་ནི་ཞིབ་ཆ་འདིས་ཡིད་ཚིམས་པ་དཀའ་བས་དོགས་པ་འདི་འདྲ་ཞིག་བྱུང་། ཤོ་ལོ་ཀ་སུམ་བརྒྱ་དེ་བམ་པོ་རེ་རེའི་མ་མཐའ་ཡིན་པ་ལས་ཏག་ཏག་ཨེ་ཡིན་ནམ་སྙམ། གང་ཡིན་ཟེར་ན་བམ་པོ་མང་པོ་ཞིག་གི་མཚམས་དེ་འགྲེལ་རྐང་ཞིག་གི་རྫོགས་མཚམས་དང་དྲིས་ལན་རྫོགས་མཚམས་ལ་འཁེལ་བས་འུར་ཟིང་གིས་ཁེངས་བའི་སྒང་ཏོག་རྒྱལ་སའི་ནང་ཆོས་ཀློག་ཞོར་དུ་བམ་པོ་བརྒྱ་དང་གསུམ་པའི་ཤོག་གྲངས་བརྩིས།བམ་པོ་འདི་ལ་ཤོག་གྲངས་༡༦དང་ཡིག་ཕྲེང་གསུམ་འདུག་ཤོག་ངོས་གཅིག་ལ་ཡིག་འབྲུ་༢༨༡ཡས་མས་འདུག་རགས་བརྩིས་འདི་ལྟར་ན་བམ་པོ་གཅིག་ལ་ཡིག་འབྲུ་༩༡༡༢ཡས་མས་ཡོད་པས།ཤོ་ལོ་ཀ་༣༢༩རེ་ཐོབ་ཆོག་སུམ་བརྒྱ་ཉེར་དགུ་ཐམ་པ་སུམ་བརྒྱ་དང་བཞི་དེ་༡༠༠༠༡༦ལོང་བས་འབུམ་ཞེས་པའི་གྲངས་མིང་དེ་ཡང་ཡིད་ལ་འཐད་པའི་ཚོར་སྣང་བྱུང་ཡིན་ན་ཡང་འདི་ནི་རྒྱུ་བདག་གི་ཞལ་རས་ཀློག་རོགས་ཀྱི་བྲེལ་བ་རྩེ་མ་གཅིག་པའི་རྣམ་རྟོག་གི་ཉིན་ཐོ་ཙམ་ཡིན་པས་བློ་ལྡན་རྣམས་ཀྱིས་ཡིད་ཆེས་བྱེད་མི་རུང་།
༅༅།༡༥་ཉིན་ཕྱི་ཚེས་ཀྱང་༡༥་ཡིན་སྒང་ཏོག་སེར་བྱེས་འགྲོ་ཕན་གླིང་དུ་ཚོགས་ཕུལ་བ་དང་ཆོས་འདོན་ཡིན་ཐོག་མར་ཆོས་ཀློག་སྟེ་འབུམ་ཁ་པ་ཀློག་རོགས་སངས་རྒྱས་འཕྲིན་ལས་ཚོུད་དགུ་པ་ལ་ཚོགས་ཕུལ།དེ་རིང་སྒང་ཏོག་གི་ནང་པའི་ཡུལ་མི་རྣམས་མཆོད་མཇལ་ལ་ཧ་ཅང་མང་བས་སེར་བྱེས་འགྲོ་ཕན་གླིང་གི་གཡས་གཡོན་ཐམས་ཅད་ནས་ཁ་གཏགས་དཀར་པའི་དད་འདུན་གྱིས་ཕྱག་འཚལ་མཆོད་འབུལ་བྱེད་པ་དང་སྟོན་པ་ཐུགས་རྗེ་ཅན་རྗེས་དྲན་བྱེད་བཞིན་འདུག་བོད་པ་གཙོས་ཡུལ་མི་རྣམས་དཔལ་འབྱོར་གྱིས་དད་འདུན་ལ་ངན་ཤན་མ་ཞུགས་པར་དད་གུས་ཀྱིས་དཔལ་འབྱོར་ཁྲིད་པའི་ཚོར་སྣང་བྱུང་། བྱིས་པ་ནས་མགོ་དཀར་བར་གྱིས་འགྲོ་ཕན་གླིང་དུ་གང་ལྕོགས་ལྕོགས་ངང་དགེ་རྩ་སྒྲུབ་བཞིན་མཆིས། དད་སྟོབས་ཀྱི་སྦྱིན་བདག་མང་པོས་དགེ་འདུན་རེ་ལ་༢༠༦༠་ཡས་མས་ཀྱི་སྐུ་འགྱེད་ཕུལ་འདུག།།༅།༡༦ཉིན་འགྲོ་ཕན་གླིང་དུ་འབྱོར་ལྡན་བཀྲ་ཤིས་ཟླ་བ་དང་རྣམ་རྒྱལ་གཉིས་ཀྱིས་རྒྱུ་བདག་བྱས་ནས་མ་ཎི་དུང་སྒྲུབ་ཚོགས་པར་དགེ་འདུན་གྲངས་༥༠ཡོད་སྤོ་བོ་དང་རྨོ་བོ་༨༠་ཡས་མས་ཞིག་འདུག་མཚམས་ཞིག་ལ་ཕྱག་མཛོད་ཀྱིས་རྒྱུ་བདག་དང་དམིགས་ཡུལ་སོགས་གསལ་བསྒྲགས་བྱས།དེའི་རྗེས་མཁན་རིན་པོ་ཆེ་ཆོས་འཁོར་སྤྲུལ་སྐུས་བཀའ་སློབ་གནང་བཀའ་སློབ་ཀྱི་ནང།ཀུན་སློང་དང་དམིགས་ཡུལ་མ་ཎིའི་དོན་མདོར་བསྡུས་ཤིག་གསུངས།ཨོ་ཡི་དོན་ནི་དག་པའི་སྐུ་གསུང་ཐུགས་གསུམ་དང་མ་དག་པའི་ལུས་ངག་ཡིད་གསུམ་མཚོན།མ་ཎིས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་མཚོན་སྤྱིར་མ་ཎི་ཞེས་པ་ནོར་བུ་ལ་གོ པདྨེས་ཡང་དག་པའི་ལྟ་བ་མཚོན་སྤྱིར་པདྨ་ནི་མེ་ཏོག་པདྨ་ལ་གོ། ཧཱུ་ནི་བསྒྱུར་བ་ལ་གོ་བས་དོན་བསྡུས་ན་མ་དག་པའི་ལུས་ངག་ཡིད་གསུམ་པོ་འདི་ཐབས་ཤེས་ཟུང་འབྲེལ་ཉམས་སུ་ལེན་པས་དག་པའི་སྐུ་གསུང་ཐུགས་གསུམ་ལ་བསྒྱུར་དགོས་པ་དེ་གོ སྔགས་འདི་སྤྱན་རས་གཟིགས་ཀྱི་མཚན་སྔགས་ཡིན་པས་ཕྱག་མཚན་པདྨ་དང་ནོར་བུ་ལྡན་པའི་དག་པའི་སྐུ་གསུང་ཐུགས་གསུམ་མངའ་བའི་སྐྱབས་གནས་དམ་པ་ང་ཚོའི་མེ་ཏོག་གང་ལ་བབ་པའི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་ཞེས་ཡོངས་སུ་གྲགས་པ་དེ་གོ དམིགས་ཡུལ་གཙོ་བོ་ནི་༧གོང་ས་མཆོག་གི་སྐུ་ཚེའི་ཚེ་སྒྲུབ་ཡིན་གསུངས།གཞན་མང་ཡང་འབྲི་མ་ཐུབ།།
༅༅།༡༨ཉིན་འབུག་ཏོག་ལ་འབུམ་སོགས་ཀློག་པར་མི་གྲངས་༣༡་འབུམ་ཉ་པ་ཀློག་རོགས་དབང་ཆེན་དོན་འགྲུབ། སྐུ་ཅག་ཐོག་བསྡད་་ནས་ཆོས་ཀློག་གསུམ་དང་ཕྱེད་ལ་གྲྭ་ཏོག་གསེར་གསུམ་འདོན། ཕན་ཚུན་རླུང་འཁོར་གྱིས་སྐྱེལ་གདོང་དྲོར་དགོན་པའི་གསོལ་ཚིགས་ཁང་ནང་འགྱུར་བ་ཞེས་པའི་གློག་བརྙན་གཟིགས་འབུལ་ཞུས་པ་དང་ང་ཚོས་མཉམ་དུ་བལྟས་བཟོ་བསྐྲུན་བྱེད་པོ་བློ་བཟང་རྡོ་རྗེ་ལགས་དང་སྐད་ཆ་རྒྱུན་རིང་ཙམ་བཤད་པའི་ནང་།བརྩོན་འགྲུས་ཡོད་ན་རྡོ་ལ་ཨི་ཁུང་འབིགས་ཐུབ་ཟེར་བ་དེ་ཁོས་ཡང་ཡང་སྐྱོར་ཞིང་དེ་ནི་ཁོའི་སེམས་ཁོང་ན་རིན་ཐང་ཅན་ཞིག་རེད་འདུག ད་དུང་ཁོས་མ་ཤི་གོང་སེམས་ཀྱིས་གང་དྲན་པ་དེ་མི་ལ་བསྟན་དགོས་པ་ལས་ཤི་ན་ཚར་ཚར་བ་རེད་སོགས་ཡང་ཡང་བཤད། ངོ་མ་ཁོ་ལྟ་བ་དེས་བཟི་ཡོད་པ་དང་ཞུམ་མེད་ཀྱི་སྙིང་སྟོབས་ཡོད་པ་ངས་ཤེས་བྱུང་།ཁོང་གི་དཀའ་སྡུག་དང་ལྟ་གྲུབ་བརྗོད་པ་མང་ན་ཡང་དེ་རིང་འདིར་འབྲི་ཚར་བ་མི་འདུག།
༅༅།ལྔ་པའི་ཚེས་༢་ཉིན་ཕྱག་མཛོད་བརྒྱུད་ནས་ང་ཚོ་འཛིན་གྲྭ་གཅིག་པ་མི་གྲངས་བཅོ་ལྔ་ཐུབ་དབང་གི་སྐུ་དང་གུ་རུའི་སྐུ་སོགས་མཇལ་ཁར་ཆས། རླུང་འཁོར་གསུམ་ཡོད་རླུང་འཁོར་རེ་ལ་མི་ལྔ་རེ་ཡོད་གཅིག་ནང་བསོད་ཐང་དང་ཚངས་བདག་ཐུབ་བསྟན་དགེ་ལེགས་དང་གསེར་ཀོང་རྩི་ང་རང་བཅས་ཡོད། རི་བོ་མཐོ་ལ་ནགས་ཚལ་སྟུག་ཅིང་གྱ་གྱུའི་གཞུང་ལམ་ལས་འཛེག་དུས།རི་བོའི་བཟོ་བཀོད་ཆུ་པྲན་གྱི་བང་རྩལ་ནགས་ཀྱི་སྒེག་ཉམས་རྩི་ཤིང་གི་བཞིན་རས་ལ་ཡིད་དབང་ཤོར་ཏེ་འདི་དང་འདི་སྒེག་ཉམས་ཀྱི་གཏམ་གླེང་སྣ་ཚོགས་བྱས།ད་དུང་ཉི་མས་ང་ཚོ་ལ་གཟིགས་འདོད་ཧ་ཅང་ཆེ་ན་ཡང་སྤྲིན་དཀར་ཟླུམ་པོ་གཅིག་མཇུག་གཉིས་མཐུད་ཀྱིས་ང་ཚོ་ལ་ཚ་གདུང་གཏན་ནས་མྱོང་མ་བཅུག་ཆུ་ལྷའི་སྙིང་རྗེ་དང་ང་ཚོའི་འདོད་པ་བཙན་དྲགས་པ་གང་ཡིན་ཆ་མི་འཚལ་ཡང་སྤྲིན་པས་ཆར་ཐིགས་རྣམས་ཨུ་ཚུགས་ཀྱིས་བཅངས་བ་དང་སྨུག་པས་རྒྱང་རིང་ནས་བསྐོར་བ་བྱེད་ཅིང་སྐབས་རེར་སྨུག་པའི་ཕྲུ་གུ་རྣམས་ཀྱིས་ང་ཚོ་ལ་འོ་དང་འཐམ་འཁྱུད་བྱས་ནས་ཤར་རྒྱུགས་བྱེད། གུས་པ་སྙོམས་ལས་ཆེ་ཞིང་དུས་ཚོད་དམ་འཛིན་མ་ཐུབ་དབང་གིས་འབྲི་འདོད་པ་མང་པོ་ཞིག་འབྲི་ཁོམ་མི་འདུག་ཐུབ་དབང་གི་སྐུ་དང་གུ་རུའི་སྐུ་རྣམས་མཇལ་བའི་ཚོར་སྣང་སྤྲོ་པོས་ད་ལྟར་ང་ཚོའི་གློ་སྙིང་བྲང་གསུམ་ཁེངས་ཡོད། གུ་རུའི་སྐུ་འདི་བཞེངས་ནས་ལོ་ཤས་འགྲོ་འདུག་ལ་འཛམ་གླིང་གི་གུ་རུའི་སྐུ་ཆེ་ཤོས་ཡིན་ཟེར་ཐུབ་དབང་གི་སྐུ་འདི་ད་ལྟ་མཇུག་ཡོངས་སུ་རྫོགས་མི་འདུག་དགོང་དྲོ་ཚོུད་བཞི་དང་ཕྱེད་ལ་འགྲོ་ཕན་གླིང་དུ་འབྱོར་སོང་།།་་་་་་་་་་་ཟླ་བ་གཅིག་ལྷག་གི་ཉིན་ཐོ་ཆ་ཚང་བྲིས་ཡོད་ན་ཡང་ཚིག་ཚོགས་ལ་འཇིགས་ནས་བཀོད་མེད་ལ་འདི་ཞིབ་ཀྱིས་བྲིས་པ་མིན་པས་བློ་སྐྱེད་ཆེས་མེད་ན་ཡང་སློབ་གཉེར་བ་ཞིག་ལ་ཡོད་པའི་ཞར་བྱུང་གི་གཤིས་ཀ་ཞིག་མཚོན་ཡོད་སྙམ།།