སྒེར་སེམས་དང་སྤྱི་ཚོགས།
མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རོགས་ཚོགས་ཁག་གིས་ཡུལ་མི་ས་ཡ་གཅིག་ཙམ་ལ་ལ་ཟས་རིགས་མཁོ་སྤྲོད་བྱེད་ཀྱི་ཡོད་ཀྱང་། སོ་མཱ་ལེ་ཡའི་ལྷོ་ཕྱོགས་ས་ཁུལ་མང་ཆེ་པ་ཨོལ་ཁ་ཊ་དང་འབྲེལ་པ་ཡོད་པའི་ཨོལ་ཤཱ་བྷབ་(al Shabaab) གྱེན་ལོག་པས་སྟངས་འཛིན་འོག་ཚུད་ཡོད་སྟབས། ཕྱི་ཕྱོགས་ཀྱི་རོགས་སྐྱོར་ཟས་རིགས་བཀག་འགོག་བྱེད་བཞིན་ཡོད་འདུག སོ་མཱ་ལེ་ཡ་རྒྱལ་ཁབ་ནང་ཆོས་ལུགས་དང་ཚོ་ཁག་གི་རྙོག་དྲ། ཆབ་སྲིད་དབང་ཆའི་འཐབ་རྩོད། ཆར་ཆུ་དཀོན་ཞིང་མུ་གེ་ཡོད་པ་བཅས་ཀྱི་དབང་གིས་ཡུལ་མིར་བཀྲེས་ལྟོགས་ཀྱི་སྡུག་བསྔལ་འོག་ལྷུང་ཡོད་འདུག” གནས་ཚུལ་འདི་ནི་ལྐོག་གྱུར་དང་ལུང་བསྟན་གང་ཡང་མ་ཡིན་པར་འཛམ་གླིང་གོ་ལའི་ཟུར་ངོས་ཤིག་ན་དངོས་སུ་མྱོང་བཞིན་པའི་གནས་ཚུལ་ཞིག་རེད། དངོས་མཐོང་དངོས་ཡོད་ཀྱི་གནས་ཚུལ་འདི་དག་གིས་ང་ཚོར་ཅི་ཞིག་དྲན་སྐུལ་བྱེད་འོང་གི་འདུག་ཁྱེད་ཀྱིས་བསམ་མྱོང་ངམ། ངས་བསམ་ན་འདི་འདྲ་ཞིག་རེད།
ང་ཚོ་འགྲོ་བ་མིའི་རིགས་ལ་འདི་ལྟ་བུའི་དཀའ་ངལ་ཞིག་འཕྲད་དགོས་དོན་ཅི་ཡིན་ནམ། དེ་ཡང་ཕར་དེད་ན་རང་གཅེས་འཛིན་གྱི་འདུ་ཤེས་དེ་རེད། རང་ཉིད་གཅེས་དྲགས་པས་གཞན་གྱི་བདེ་སྡུག་ལ་སེམས་ཁུར་བྱེད་ཐུབ་ཀྱི་མེད། སྒེར་སེམས་ཆེ་དྲགས་པས་སྤྱི་ཚོགས་དང་གཞན་གྱི་ཚེ་སྲོག་ལ་རིན་ཐང་སྤྲོད་ཀྱི་མེད། རང་ཉིད་ཀྱི་བདེ་སྐྱིད་དང་། ཡང་ན་རང་ཉིད་ཀྱི་སྙན་གྲགས། རང་ཉིད་ཀྱི་འཚོ་ཐབས། རང་ཉིད་ཀྱི་མངོན་འདོད་བཅས་ཀྱི་ཆེད་དུ་གཞན་ཡལ་བར་དོར། གཞན་ལ་སྡུག་བསྔལ་དང་གནོན་ཤུགས་སྤྲད། གཞན་གྱི་བདེ་སྐྱིད་དང་གཞན་གྱི་འཚོ་བར་གཏོར་བཤིག་བཏང་། འདི་ནི་འགྲོ་བ་མིའི་སེམས་ཁམས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་གིས་ཡོང་བཞིན་པ་རྐྱང་རྐྱང་རེད། འགྲོ་བ་མི་ཡོངས་ལ་གཞན་གཅེས་ཀྱི་བསམ་བློ་ཡང་དག་ཅིག་ཡོད་ན་འདི་ལྟ་བུའི་དཀའ་ངལ་ཡོང་མི་སྲིད། གཞན་གཅེས་ཀྱི་བསམ་བློའི་ལག་ལེན་གང་འཚམས་ཤིག་ཡོད་ན་དཀའ་ངལ་འདི་ཁྱབ་རྒྱ་ཆུང་ཆུང་ཞིག་ཡིན་ངེས། ལྷན་བཅས་རང་བྱུང་གི་ཆོས་ཉིད་ཀྱིས་བཀོད་བསྒྲིགས་བྱས་པའི་འགྲོ་བ་མིའི་སེམས་ཁམས་འདི་ནི་མེ་མདའ་སྟོང་ཕྲག་གིས་བསྒྱུར་མི་ཐུབ་ལ། དྲག་སྤྱོད་དང་དབང་ཤུགས་ཀྱིས་ཀྱང་ག་ལ་ཡིན། དེ་ནི་སློབ་གསོའི་བརྡ་ཁྱབ་ཁོ་ནས་བསྒྱུར་ཐུབ་པའི་གནད་དོན་ཞིག་ཡིན།
ང་ཚོས་བློ་སྟོབས་ཆེན་པོས་གཞན་གཅེས་འཛིན་གྱི་དགེ་མཚན་འདི་ཆོས་ལུགས་བྱེ་བྲག་པ་ཞིག་དང་གང་ཟག་བྱེ་བྲག་པ་ཞིག་གི་སྒེར་དོན་དུ་མ་བརྩིས་པར་འགྲོ་བ་མིའི་རིགས་ཀྱི་རླབས་ཆེན་གྱི་དགོས་མཁོ་ཞིག་ཏུ་བརྩིས་ནས་གཞན་གཅེས་འཛིན་གྱི་སློབ་གསོ་ནི་འགྲོ་བ་མིའི་རིགས་ཀྱི་ཉིན་རེའི་འཚོ་བའི་བདེེ་སྐྱིད་དང་ལྟོས་འབྲེལ་ཆེ་བའི་གནས་ལུགས་འདི་གསལ་བཤད་བྱེད་ཐུབ་ན་ཅི་འདྲའི་དགེ་མཚན་ཆེ་ཨང་། གཞན་གཅེས་འཛིན་དགོས་པའི་རྒྱུ་མཚན་དང་། གཞན་གཅེས་འཛིན་ནི་རང་གི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཀྱང་ཡིན་པའི་གནས་ལུགས་དེ་ཚོ་དམར་དམར་རྗེན་རྗེན་དུ་འགྲེལ་ཐུབ་ན་དེ་ནི་དེང་སྐབས་ཆེས་དགོས་མཁོ་ཆེ་བའི་སྤྱི་ཚོགས་ཀྱི་ལེགས་སྐྱེས་ཤིག་ཡིན་ལ་འདི་ལྟ་བུའི་གནས་ཚུལ་དག་གིས་ང་ཚོར་གཞན་གཅེས་འཛིན་དགོས་པའི་གནས་ལུགས་སྟོང་ཚར་ཡང་བཤད་བསྐྱར་བཤད་བྱེད་ཀྱི་ཡོད།
དེས་ནི་ནང་བསྟན་ཆོས་གཞུང་དུ་གསུང་བའི”རང་ཉིད་གཅེས་འཛིན་སྡུག་བསྔལ་ཀུན་ཀྱི་སྒོ་དང་གཞན་རྣམས་གཅེས་འཛིན་ཡོན་ཏན་ཀུན་ཀྱི་གཞི”ཡིན་པའི་བསླབ་བྱ་དེ་ཡང་ཡང་དྲན་དགོས་པའི་སྐུལ་བརྡ་ཡང་གཏོང་གི་ཡོད།
༢༠༡༡ ༩ ༦ ལ་བྲིས།
