མ་འོངས་པར་བལྟ་བ།

དེ་ང་རང་གཙོས་བོད་མི་སྐྱེ་བོ་རྣམ་བསྟན་ཡོང་རྣམ་རྟོག་སླང་སོང་ཞེས་པའི་འཇིགས་སྣང་ཅན་གྱི་ཚིག་དེ་ལ་ཅུང་ཡིད་བཟབ་བྱས་པའི་ཁུལ་ཡིན།

གསང་བ་ལྐོག་གྱུར་གྱི་ལྷ་ཆོས་ལས་འཆད་པའི་གཏམ་རྒྱུ་རིང་མོ་ཞིག་ཤོད་བཞིན་པ་ནི་ར་བ་གངས་རིས་བསྐོར་བའི་གངས་ཅན་པའི་གནས་འདི་འཕགས་མཆོག་ཕྱག་ན་པད་མོ་གདུལ་ཞིང་རེད་ཅེས་པ་འདི་རེད།སྤྱིར་ན་འཛམ་གླིང་མི་རྣམ་ནང་བསམ་བློའི་འཆིང་རྒྱ་དང་།ཕྱི་ཆབ་སྲིད་ཀྱིས་འཆིང་རྒྱ་ལས་གྲོལ་ནས་རང་དབང་ལོངས་སུ་སྤྱོད་ཆོག་པའི་དམངས་གཙོའི་གོ་སྐབས་ཀྱིས་སྣང་བ་ཡོངས་སུ་རྒྱས་པའི་དུས་རབས་འདི།དམག་ཤོག་དང་གྲལ་རིམ་དབང་བསྒྱུར་རྒྱལ་པོའི་ལམ་ལུགས་སོགས་ཚང་མ་ནུབ་ཀའི་ཉི་མ་བཞིན་གཅིག་སྡུད་གཉིས་སྡུད་བྱ་བཞིན་པའི་སྐབས་འདིར།༧གོང་ས་རྒྱལ་བའི་དབང་པོ་མཆོག་ནས་ཀྱང་ལོ་རྒུས་ཡུན་རིང་ལྡན་པའི་དགའ་ལྡན་ཕོ་བྲང་པ་ཆེན་པོའི་མཚན་གནས་ཕྱིར་བསྡུས་དང་དེ་འབྲེལ་གྱིས་ཆབ་སྲིད་ཀྱིས་འགན་དབང་ཡང་ཕྱིར་བསྡུུད་གནང་བ་འདི་ཡང་སྐུ་ཉིད་ཀྱི་མཛད་པ་ཆ་ཤས་ཞིག་ཡིན་མོད།ངས་བལྟས་ན་གསང་བ་ལྐོག་གྱུར་གྱི་གནས་ལས་བྱུང་བའི་འཕགས་མཆོག་ཕྱག་ན་པད་མོའི་འགྲོ་བའི་དོན་ཀྱང་ཕལ་ཆེར་རྫོགས་པ་མིན་ནམ་སྙམ་པའི་ཚོར་བ་ཞིག་འགོག་མེད་དུ་ཤར་ཡོང་ཀྱི་འདུག།

གང་ཡིན་ཟེར་ན།འཕགས་མཆོག་ཕྱག་ན་པད་མོའི་པད་དཀར་འཆང་བའི་མཚན་ཅན་རྗེ་དགེ་འདུན་གྲུབ་པ་ནས་༧གོང་ས་ལྔ་པ་ཆེན་པོའི་བར་དེ་ནས་ད་ལྟ་༧གོང་ས་སྐུ་ཕྲེང་བཅུ་བཞི་པའི་བར་ལུག་གཉིས་ཆོས་སྲིད་ཀྱི་འདབ་མའི་གཤོག་ཡང་དཀར་པོས་ཆོས་ལྡན་འགྲོ་བའི་སྐྱེ་འགྲོའི་མཁའ་ལ་ནམ་འཕང་གཅོད་ཡོད་པས།བོད་འབངས་སྐྱེ་འགྲོ་རྣམས་ཀྱང་གཡས་ཐལ་གཡོན་ཐལ་ལམ་ལུགས་མཐེན་ཁྱེར་མེད་པར་བོད་འབངས་འགྲོ་བའི་སེམས་ཁོང་གི་ཉི་མ་ལྟ་བུ་ཆགས་པ་ཡང་།ལུགས་གཉིས་ཀྱིས་འགན་དབང་འདི་ཡིས་བྱུང་བ་རེད་དྲན།རྐྱེན་ངན་གྲོགས་ཤར་ལྟ་བུ་སྐུ་ཕྲེང་བཅུ་བཞི་པའི་སྐུ་ཡི་བཀོད་པ་གླིང་བཞིར་ཁྱབ་པར་བྱུང་བར་ཡང་།ཆོས་ལྡན་གངས་ཅན་པའི་ཆབ་སྲིད་ཀྱི་རྙོག་འཛིང་འདི་རྒུད་ནས་ལུགས་གཉིས་ཀྱི་ཐུགས་འགན་བླ་མེད་དུ་འཁྱེར་བའི་སྙིང་སྟོབས་སོགས་ལས་གླིང་ཆེན་མཁའ་ལ་འཕགས་པའི་གནས་སྟངས་འདི་བྱུང་ཡོད།

སྤྱིར་ན་སྙིང་སྟོབས་ཕུལ་དུ་བྱུང་བའི་སྐྱེས་བུ་རྣམས་ཀྱིས་བསྟན་འགྲོའི་གདུལ་བྱའི་དོན་དུ་འཇིག་རྟེན་འདིར་བྱོན་རན་པའི་ཚེ་ཡུལ་དུས་གཟིགས་པ་ལྔ་སོག་ལ་བལྟས་ནས་ཕེབས་ཀྱིན་ཡོད་པ་ནི་སྟོན་པ་སངས་རྒྱས་ཀྱི་རྣམ་ཐར་ལས་ཤེས་ངེས།དེ་ཡིན་ཚེ་ཆོས་ལྡན་གངས་ཅན་གྱི་ཁམས་འདིའི་དོན་དུ་ཕེབས་པ་ཡན་ཚེ་རིགས་ལ་གཟིགས་པ་རུས་ལ་གཟིགས་པ་སོགས་དོན་བྱ་བར་ནུས་པའི་ཡུལ་དུས་ལ་གཟིགས་པ་ནི་བསམ་བཞིན་དུ་ཕེབས་པའི་སྐྱེས་བུ་བུ་མཆོག་རབ་རྣམས་རང་གི་ལས་དོན་གྱི་དོན་དུ་ཐབས་བཟང་བའི་རླབ་ཆེན་གྱི་མཛད་པ་ཞིག་ལོས་ཡིན།དེས་ན་༧གོང་ས་བཅོ་ལྔ་པ་བཅུ་དུག་པ་སོགས་བོད་འབངས་བསྟན་འགྲོའི་དོན་དུ་སྐུ་ཕྲེང་དགོས་ཚེ་མཚན་གནས་ཇི་འདྲ་ཞིག་གི་འོག་ནས་དོན་འཛད་དགོས་མིན་བསམ་གཞིག་གི་གནད་དོན་ཞིག་རེད།དེ་རིང་གིས་ཉི་མ་འདི་ནས་སྐུ་ཕྲེང་འདི་མ་ཏོག་དེ་ནས་ཇི་ཙམ་གྱིས་སྐུ་ཕྲེང་རྣམས་ཀྱིས་ཆབ་སྲེད་ལ་ཐེ་བྱུས་ལྡན་པའི་སྐུ་དབང་གིས་ཐོག་ནས་འགྲོ་དོན་བྱེད་པ་མཇུག་སྦྲིལ་ཟིན་ཞིང་།ཆོས་ལུགས་གཅིག་པུ་ཐོག་ནས་བོད་འབངས་སྤྱི་ལ་ཕན་པ་དཀའ་ལས་ཁག་པོ་རེད་

ཆོས་ལུས་སྤྱི་ཡོང་གི་དབུ་ཁྲིད་ཀྱིས་མཚན་གནས་ཕུལ་ཚེ་དེ་ཡང་།ཁོང་ཉིད་ཀྱི་མཚན་གནས་རྗེས་འབྲེལ་གྱི་སྐུ་སྐྱེ་ཇི་སྙེག་ཅིག་བྱོན་རུང་ཆོས་ལུགས་བྱེ་བྲག་པར་ཏོག་པས་སྤྱི་ཡོང་ལ་ནུས་པ་ཐོན་ཁག་པོ་རེད།མ་ཟད་ཆོས་རྒྱུད་སོ་སོའི་དབུ་ཁྲིད་ཡོད་ཁར་ཡང་སྐྱར་སྣོན་མ་ཞིག་སྐོས་ཚེ་དབུ་མཛད་མང་ན་འདོན་པ་འཁུག་ཟེར་བའི་དཔེ་ལྟར་འགྱུར་ཉེན་ཡོད།བོད་འབངས་སྐྱེ་འགྲོ་ཡོངས་ལ་ཕན་པའི་སྐུ་ཕྲེང་བཅུ་བཞི་པའི་རྒྱུན་འཛིན་ཞིག་དགོས་ཚེ་བདོ་འབངས་ཡོངས་ལ་ཐད་ཀར་ཐེ་བྱུས་ཆོག་པ་དང་ཐེ་བྱུས་ཐུབ་ངེས་པ་མཚན་གནས་དམིགས་བསལ་བ་ཞིག་མེད་ཅིང།སྐུ་ཕྲེང་བཅུ་བཞིན་པའི་སྐུ་སྐྱེའི་རྒྱུན་འཛིན་པ་ཙམ་གྱིས་སྤྱི་ཡོངས་ལ་ཕན་ངེས་པ་དང་ཕན་ཐོག་པ་ཐད་ཀར་ཕན་པའི་འབྲེལ་བ་ཡོང་ཁག་པོ་རེད།དཔེར་ན་མི་ཚང་ཞིག་ལ་དཀའ་དྲིན་ཅན་གྱི་མི་ཞིག་མི་ཚང་དེར་གདན་དྲངས་ཡང་མི་དེས་མི་ཚང་དེ་ལ་འདི་བྱོས་འདི་མིན་གྱི་ལམ་ཁ་ཐད་ཀར་ཐད་བྱུས་བྱེད་དབང་མེད།དེ་ནི་མི་དེ་ལ་མི་ཚང་དེའི་མིང་གནས་གང་ཡང་མེད་པས་ཡིན།འདི་འདྲ་བའི་རིགས་དགའ་ལྡན་ཕོ་བྲངཔ་ཆེན་པོའི་ཆབ་སྲིད་ཀྱི་ངོ་བོ་འཕོས་པ་ནས་ཁོང་དང་བོད་འབངས་བར་འབྲེལ་བ་ཇི་ལྟར་གནས་དགོས་མིན་དང་གནས་ཐུབ་མིན་སོགས་བསམ་རྒྱུ་མང་པོ་འདུག།

གལ་སྲིད་ཆབ་སྲིད་གནས་སྟངས་འདི་མུར་ལྷག་ཚེ་ང་ཚོས་ངོས་འཛིན་བྱས་རུང་མ་བྱས་རུང་གུང་ཕྲན་ཚོས་ནི་ཁོང་ཚོའི་ཆབ་སྲིད་ཀྱི་དགོས་དབང་ལས་ཡང་སྤྲུལ་ཞིག་འདེམ་པ་ནི་ཐག་ཆོད་པ་རེད།དེ་སྐོར་ཡང་བསམ་དགོས་པ་མང་པོ་ཡོད་པས་ཚང་མ་ད་ལྟ་ནས་ག་རེ་བྱ་དགོས་པ་རེད་བསམ་བློ་ཞིབ་ཚག་སྟངས་དགོས་པ་བཤད་མ་དགོས་པས་བསམ་གཞིག་གླེང་སླང་བའི་ཚུལ་དུ་བྲིས་པ་ཡིན། ༢༠༡༡།༩།༡༡