རང་ཉིད་གླེང་བ
ཐུན་གསུམ་རྨི་ལམ་གྱི་ཞིང་ནས།།
ཕ་མའི་ཞལ་གསུང་དེ་ཐོས་ཀྱང་།།
ལེ་དབར་ཁྲི་ཕྲག་གིས་ཆོདཔས།།
རེ་ཞིག་མཇལ་ཐུབ་ཤིག་མ་བྱུང་།།
རྣམ་དག་ལྷ་ཆོས་ཤིག་བསྒྲུབས་ཀྱང་།།
མ་རིག་རྣམ་རྟོག་གི་འདྲེ་མོས།།
རང་རྒྱུད་ཡང་ཡང་དུ་གཙེས་པས།།
ཐར་བའི་ལམ་སྣེ་དེ་མ་ཟིན།།
བཅུ་ཕྲག་ཤེས་བྱ་ཡི་ཀློང་དུ།།
ཡུན་རིང་སྐྱིད་ཉལ་ཅིག་བྱས་ཀྱང་།།
བརྩོན་པའི་གོ་ཆ་དེ་དབེན་པས།།
བློ་ཡི་དབུལ་བ་དེ་མ་སེལ།།
ན་མཉམ་ཆོས་གྲོགས་དང་ལྷན་དུ།།
མཚན་ཉིད་རིག་པ་ཞིག་སྦྱང་ཀྱང་།།
རྣམ་དཔྱོད་ཤེས་རབ་དེ་བུལ་བས།།
མུན་པའི་གྲོང་ཚོ་ནས་ལུས་སོང་།།
