༄༅།། དོན་དམ་སེམས་ཀྱི་ལྷ་ཆོས།

ལས་དབང་རླུང་བུ་དགོད་པོ།། ན་བུན་ཐང་ནས་བསླེབ་བྱུང་།།

སེམས་ཀྱི་སྐྱོ་གྲོགས་མེད་ན།། ལས་དབང་རླུང་གིས་ཁུར་འགྲོ།།

ན་ཟུག་དམར་པོའི་སྙིང་རླུང་།། ཡ་ཆུང་ཁོག་ལ་ལྡང་བྱུང།།

སེམས་ཀྱི་ལྷ་ཆོས་མེད་ན།། ས་མཐའ་འདི་ནས་གཉོམ་འགྲོ།།

འཆི་བདག་གཤིན་རྗེ་གདོང་ཡ།། སེམས་ཀྱི་ལྷ་ཆོས་མེད་ན།།

གཤིན་ཡུལ་ཐང་ཆེན་དཀྱིལ་ནས།། མགོན་མེད་གཅིག་པར་ལས་འགྲོ།།

ཆགས་སྡང་མེ་ལྕེ་འབར་སའི།། སེམས་པ་ས་དཀྲུགས་རྡོ་དཀྲུགས།།

སྙིང་ནས་ལྷ་ཆོས་མེད་ན།། སེམས་པ་འཁྱག་ལ་འབྱར་འགྲོ།།

ནང་པའི་ལྷ་ཆོས་མེད་ན།། སེམས་ཀྱི་ཡ་ཆུང་སྟོང་པ།།

མི་ཡུལ་བྱང་མཐའ་འདི་ནས།། སེམས་པ་ཆུ་རུ་འགྱུར་འགྲོ།།

གཅིག་པར་ས་མཐར་མགྲིམས་ཏེ།། སེམས་པ་ཆོས་ལ་ཕྱོགས་ཏེ།།

འདོད་ཆུང་ཆོག་ཤེས་ངང་ནས།། མི་ཚེའི་སྙིང་དོན་འཚོལ་འགྲོ།།

ནང་པའི་ལྟ་གྲུབ་ཟབ་མོ།། ཞི་བདེའི་མ་ཡུམ་ཆེན་མོ།།

ས་སྒང་ལེབ་མོའི་ངོགས་ནས།། མི་སེམས་འགུག་པའི་སེམས་གསོ།།

ཆོས་ནི་ནང་པའི་ལྷ་ཆོས།། ཡུལ་ནི་ཕ་ཡུལ་གངས་ལྡན།།

མགོན་ནི་འཕགས་མཆོག་པད་མོ།། མི་ནི་གསེར་སྨྱོན་ལྡོམ་བུ།།

རི་ཆུ་ཁྲི་ཕྲག་མཐའ་ནས།། སེམས་གསོའི་ལྷ་ཆོས་དྲནབཞིན།།

སོ་དར་བག་ཕེབས་ཀློང་ནས།། དྲན་པའི་རྟེན་དུ་འཇོག་འདོད།།

རྡ་སའི་མཛེས་ལྗོངས་ཤིག་ནས།། འཆར་ཡན་གློག་གི་འཁྱུག་རྩལ།།

གྲུབ་བཞིའི་འཆར་སྒམ་ངོས་སུ།། ཁ་རུ་ཁ་ཐུག་བྲིས་སོ།།

སྙན་པོའི་རྩོམ་ཡིག་མ་རེད།། མཁས་པའི་ལེགས་བཤད་མ་རེད།།

སྨྱོན་པའི་འཆར་སྣང་དམར་པོ།། ཐོལ་གྱིས་བླངས་པ་ཡིན་ནོ།།

བྱང་ཕྱོགས་ཧི་མ་ཅར་ཉེ་འགྲམ་ནས་གསེར་རྟ་པ་བསོད་ནམས་ཕུན་ཚོགས་སམ་ གསེར་འབྲོང་སྲས་སུ་འབོད་པས་རང་གི་འཆར་སྣང་དམར་པོ་ཞིག་ཕྱིར་དྲན་ཀྱི ཆེད་དུ་       སུག་བྲིས་བགྱིས་སོ།། ༢༠༠༡༡ ༩ ༢༤