ཚང་མའི་ཆེད་དུ་ཞབས་རིམ་གསོག་བསྒྲུབ་བྱེད་ཀྱི་ཡོད།
ཕྱི་ཟླ་༡༠ ཚེས་༦ བར་གྱི་ཉིན་གྲངས་གསུམ་རིང་བལ་ཡུལ་ནང་གི་བོད་མི་གནས་སྡོད་བྱེད་ཡུལ་མཆོད་འཇོར་ཁུལ་ལ་བོད་མི་ཚོས་ཞབས་རིམ་གསོག་བསྒྲུབ་ཀྱི་བྱེད་སྒོ་སྤེལ་ཡོད་པ་དང་། ས་གནས་འགོ་འཛིན་ཚེ་རིང་དོན་འགྲུབ་ལགས་ནས་བརྗོད་དོན། ང་ཚོས་སྤྱི་ནོར་༧གོང་ས་མཆོག་གི་སྐུ་ཕྱྭ་དང་སྤྱི་པའི་ཞབས་རིམ་འབྲེལ། ད་ཐེངས་གཙོ་བོ་བོད་ནང་མདོ་སྨད་རྔ་པ་ཀིརྟི་དང་། ཁམས་རྟའུ་བཅས་སུ་དགེ་འདུན་པ་ཚོས་བོད་བསྟན་སྲིད་མི་རིགས་ཆེད་གཅེས་པའི་ཚེ་སྲོག་ལ་མ་འཛེམས་པར་རང་ལུས་མེར་བསྲེག་བཏང་བ་དང་། ༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་པ། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་ལགས་འདས་བཀྲོངས་སུ་སོང་བ། ཉེ་བའི་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་ས་ཡོམ་གོད་ཆག་ཁྲོད་མི་སྣ་ཤི་རྨས་བྱུང་བ། ད་དུང་དེང་སང་བལ་ཡུལ་དུ་ཧིན་རྡུ་ཆོས་ཕྱོགས་ཀྱི་དུས་ཆེན་“རྡ་སན་”སྐབས་མ་ཧེ་དང་། ར་ལུག་སེམས་ཅན་མང་པོ་བསད་ནས་དམར་མཆོད་གཏོང་གི་ཡོད་པ་སོགས་ཕྱི་ནང་གི་གནས་སྟངས་ཚང་མའི་ཆེད་མཆོད་འབུལ་ཆོ་ག་དང་། ཐུབ་པའི་གཟུངས་སྔགས་མ་ཎི་དང་སྒྲོལ་མ་གསོག་སྒྲུབ་བྱེད་པའི་བྱེད་སྒོ་ཉིན་གྲངས་གསུམ་རིང་སྤེལ་བར་བོད་མི་ཚོ་དོན་གཉེར་ཆེན་པོས་མཉམ་ཞུགས་བྱེད་ཀྱི་འདུག། ད་དུང་བཀའ་ཤག་གི་བཀའ་འབྲེལ་ལྟར་རྒྱ་གར་དང་བལ་ཡུལ་ནི་བོད་མི་ཚོར་བཀའ་དྲིན་ཆེན་པོ་ཡིན་པའི་ཆ་ཤས་ཙམ་ཐུགས་རྗེ་ཆེ་ཞུ་ཆེད་ས་ཡོམ་གནོད་ཐེབས་ས་ཁུལ་ལ་ས་གནས་བོད་མའི་ཞལ་འདེབས་བསྡུ་རུབ་བྱེད་རྒྱུ་ཡིན་པ་བརྗོད་བྱུང་།
དེ་བཞིན་བལ་ཡུལ་རྒྱལ་ས་དང་འཕགས་ཤིང་ཁུལ་དུ་ཡང་བོད་མི་མཉམ་འཛོམས་ཐོག་ཕྱི་ཚེས་ ༥ ཉིན་གོང་ས་མཆོག་གི་སྐུའི་བླ་གཟའི་ཉིན་བསང་གསོལ་རྒྱས་པ་དང་མཉམ་གཞུང་དགོན་བསམ་གཏན་གླིང་དགོན་པའི་མཁན་པོ་བློ་བཟང་སྦྱིན་པ་མཆོག་ནས་ནང་ཆོས་ངོ་སྤྲོད་དང་། བོད་མིའི་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་སྤེལ་སླད་ཞབས་རིམ་གསོག་སྒྲུབ་བྱས་ཡོད་པ་རེད།།
བལ་ཡུལ་ས་གནས་གསར་འགོད་པས།