ཏཱ་ལའི་བླ་མས་སྐྱག་རྫུན་བཤད་པ་རེད་དམ།

༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༡༩༨༨ལོ་ཙམ་ནས་བཟུང་བོད་ལ་རང་དབང་གི་ཉི་མ་ཞིག་ལོ་གཉིས་གསུམ་ནང་ཤར་གྱི་རེད་ཅེས་ཐེངས་མང་གསུང་མྱོང་ཡོད། འོན་ཀྱང་བོད་ནང་ཞི་རྒོལ་བྱུང་ནས་ད་བར་ལོ་གཉིས་གསུམ་ཕར་བཞག་ཐ་ན་ཉི་ལོ་ཉིས་ཤུ་ལྷག་ཙམ་སོང་ན་ཡང་རང་བཙན་ཐོབ་རྒྱུ་ལྟ་ཅི་ད་དུང་སྐྱེ་བོ་གྲངས་ལས་འདས་པ་ཞིག་གི་རྩ་ཆེའི་ཚེ་སྲོག་ཤོར་བ་དང་།    སྐྱེ་བོ་གྲངས་ལས་འདས་པ་ཞིག་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པ་རེད།

འོ་ན། གོང་ས་མཆོག་གིས་སྤྱིའི་ཕྱིར་དེ་ལྟར་ཐག་གཅད་ནས་གསུངས་རེད་དམ་ཞེ་ན།    དེ་ལ་ལན་འདེབས་བྱ་རྒྱུ་གཉིས་ལས་མེད་པ་སྟེ།

དང་པོ་ནི་གོང་ས་མཆོག་གིས་སྐྱག་རྫུན་གསུངས་པ་རེད་ཅེས་བརྗོད་རྒྱུ་དང་།    གཉིས་པ་ནི་༧་གོང་ས་མཆོག་གིས་དགག་བྱ་ལས་དགོས་པ་གཙོ་བོ་བྱས་ནས་གསུངས་པ་རེད་ཅེས་བརྗོད་རྒྱུ་དེ་རེད།

དང་པོ། ༧གོང་ས་མཆོག་གིས་སྐྱག་རྫུན་གསུངས་པ་རེད་ཅེས་བརྗོད་ན་རྒྱ་མི་གུང་གྲན་གྱི་རྣ་བར་ཧ་ཅང་གི་ཐད་པོ་བྱུང་ནའང་།  བོད་མིའི་རྣ་བར་ཧ་ཅང་གི་ཟན་པོ་ཆགས་ཀྱི་ཡོད། དེའི་རྒྱུ་མཚན་ནི་བོད་མི་རྣམས་ཀྱིས་༧གོང་ས་མཆོག་ལ་ཡིད་ཆེས་བརྒྱ་ཆ་བརྒྱ་ཐམ་པ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་རེད།

གཉིས་པ་ནི་༧གོང་ས་མཆོག་གིས་དགོས་པ་གཙོ་བོར་བྱས་ནས་གསུངས་པ་རེད་ཅེས་བརྗོད་རྒྱུ་དེ་རེད། སྤྱིར་བཏང་ནང་པའི་དགེ་སློང་ཞིག་ཡིན་ཚེ་ངེས་པར་དུ་རྫུན་སྤོང་དགོས་པ་ཡིན། འོན་ཀྱང་ནང་ཆོས་ཀྱི་འདུལ་བའི་བསླབ་བྱར་དགག་བྱ་ལས་དགོས་པ་གཙོ་ཞེས་པ་ཞིག་ཡོད། དཔེར་ན།  དགེ་སློང་ཞིག་གིས་སེམས་ཅན་བཤས་ར་ཞིག་གང་དུ་ཡོད་མེད་ཤེས་ཀྱི་ཡོད་ཚེ་མི་གཞན་གྱིས་སེམས་ཅན་གྱི་བཤས་ར་དེ་གང་དུ་ཡོད་མེད་སྐད་ཆ་དྲིས་ན་དགེ་སློང་དེས་སྐབས་དེར་སྐད་ཆ་དྲང་བཤད་ན་རང་ཉིད་ལ་ཉེས་ལྟུང་ཕོག་གི་ཡོད་རྐྱེན་བཤས་ར་ཤར་ཕྱོགས་སུ་ཡོད་ནའང་ནུབ་ཕྱོགས་སུ་ཡོད་རེད་ཅེས་རྫུན་ཤོད་པའམ་ཡང་ན། བཤས་ར་གང་དུ་ཡོད་མེད་ཤེས་ཀྱི་མེད་ཅེས་ལན་འདེབས་བྱ་དགོས་པ་ཡིན། དེར་བརྟེན་གོང་ས་མཆོག་གིས་ཀྱང་དགོས་པ་གཙོ་བོ་བྱས་ནས་གསུངས་ཞིག་ལ་གུས་པས་ངོས་

འཛིན་བྱེད་ཀྱིན་ཡོད། གལ་སྲིད་གོང་ས་མཆོག་གིས་བོད་ལ་རང་བཙན་ཐོབ་རྒྱུའི་རེ་བ་ཡོད་མ་རེད་ཅེས་བརྗོད་པའམ་རྒྱ་མི་གུང་གྲན་

སྟོབས་ཤུགས་ཆེ་དྲགས་ཏེ་ང་ཚོ་མཉམ་འཛོམས་ཀྱི་ཉིན་མོ་ཤར་རྒྱུ་དཀའ་ལས་ཁག་པོ་རེད་ཅེས་བརྗོད་ཚེ་བོད་མི་རྣམས་ཀྱི་སེམས་ཤུགས་ཡོངས་སུ་ཟད་རྒྱུ་ཡིན་པ་ཧ་ཅང་གི་གསལ་པོ་རེད། ཐེངས་ཤིག་ཕྱི་རྒྱལ་གྱི་གསར་འགོད་པ་ཞིག་གིས་གོང་ས་མཆོག་ལ་དྲི་བ་དེ་འདྲ་ཞིག་བཏང་ཡོད།  ཁྱེད་རང་གིས་བོད་མི་གསར་འབྱོར་བ་ཚོར་ག་དུས་ཡིན་ནའང་ང་ཚོ་མགྱོགས་པོ་ཐུག་གི་རེད་ཅེས་ཐེངས་མང་གསུངས་སོང་། ཁྱེད་རང་གི་སྐད་ཆ་དེ་འདྲ་བཤད་དེ་ལོ་མང་པོ་ཞིག་སོང་ནའང་ད་དུང་བོད་དུ་ལོག་ཐུབ་མེད། ཁྱེད་ཀྱིས་སྐད་ཆ་དེ་འདྲ་གསུངས་དགོས་དོན་ཅི་ཡིན་ཞེས་དྲིས་པར། གོང་ས་མཆོག་གིས་ངས་སྐད་ཆ་དེ་འདྲ་མ་བཤད་ན་བོད་ནང་ཡོད་པའི་བོད་མི་དེ་ཚོ་སེམས་ཤུགས་ཆགས་རྒྱུ་ཉག་ཅིག་རེད་དེ་བརྟེན་ངས་ཁོང་ཚོའི་སེམས་ཤུགས་སྤར་རྒྱུའི་ཆེད་དུ་ནམ་རྒྱུན་དེ་འདྲ་ཤོད་ཀྱི་ཡོད་ཅེས་གསུངས། ལར་གོང་ས་མཆོག་ནི་སྲིད་དོན་པ་ཞིག་ཡིན་པས་དྲང་པོ་དྲང་བཞག་དང་ལྷག་བསམ་ཟོལ་མེད་ཀྱིས་སྲིད་དོན་པ་ཞིག་ཡོང་ཐབས་མེད་པའི་རྐྱེན་གྱིས་ང་ཚོས་དགག་བྱ་ལས་དགོས་པ་གཙོ་ཆེ་བ་དེ་ཤེས་དགོས་པ་ཡིན།