པེ་ཅིང་གིས་ཁོར་ཡུག་མ་བསྐྲུན་ན། བོད་རྒྱའི་འབྲེལ་ཐག་ཇེ་སོང་ཇེ་རིང་རེད།

 

དེ་ནི་ཏཱ་ལའི་བླ་མས་ཆབ་སྲིད་ཀྱི་འགན་དབང་རྩིས་སྤྲོད་བྱས་རྗེས་ཀྱི་ཡང་བསྐྱར་གལ་ཆེའི་སྣང་ཚུལ་ཞིག་རེད།   སྐུ་ན་ལོ་རེར་བཞིན་བགྲེས་པའི་གོང་ས་མཆོག་གིས་ཁོང་གི་མ་འོངས་པའི་རྒྱུད་འཛིན་ཐད་མངོན་པའི་ཆེས་ཐོག་མའི་རྣམ་འགྱུར་ཞིག་ལའང་ངོས་འཛིན་བྱེད་ཆོག  མངོན་རྟགས་འདིས་ཀྲུང་ནེ་ཧཱེ་(རྒྱ་དམར་དབུས་སྲིད་གཞུང་)ཕྱོགས་ཀྱི་འཆར་གཞི་ཛ་དྲག་ཏུ་ཕྱིན་ཡོད། གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་སྐུ་མྱ་ངན་ལས་འདས་རྗེས་བོད་ཁྱོན་ཡོངས་ནས་སྟངས་འཛིན་བྱ་རྒྱུའི་རེ་ངན་འཆང་བཞིན་པ་དང་།  གོམ་གང་མདུན་སྤོས་ཀྱིས་བོད་ཀྱི་རིག་གཞུང་རྩ་མེད་བཏང་རྒྱུའི་ཆབ་སྲིད་ཀྱི་རྒྱབ་ལྗོངས་འོག 

པན་ཆེན་བླ་མའི་ཡང་སྲིད་དང་རྒྱུད་འཛིན་ཐད་བོད་རྒྱ་གཉིས་ཀྱིས་རང་རང་སར་ནས་ངོས་འཛིན་རེ་བྱས་ཡོད་པ་དང་།  བོད་རྒྱུད་ནང་བསྟན་གྱི་ལུགས་སྲོལ་ལྟར།  ཏཱ་ལའི་བླ་མ་མཆོག་གིས་པན་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་སྐུ་ཕྲེང་བཅུ་གཅིག་པ་ངོས་འཛིན་གནང་ཡོད། ཡིན་ནའང་།རྒྱ་ནག་དམར་པོའི་གཞུང་ཕྱོགས་ནས་རང་ཐག་རང་བཅད་ཀྱིས་ཆུང་སྲིད་གཞན་ཞིག་བཙལ་ཡོད་པ་དང་།མིང་ལའང་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་འབོད་བཞིན་པ་རེད།(པན་ཆེན་རྫུན་མའང་ཟེར།)

 པན་ཅིན་གྱིས་རང་ལག་ཏུ་ཡོད་པའི་ཆབ་སྲིད་ཀྱི་དབང་ཆ་སྤྱོད་དེ་ཏཱ་ལའི་བླ་མ་མཆོག་གིས་ངོས་འཛིན་གནང་བའི་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ད་དུང་བཟང་བཙོན་འོག་བཅུག་ཡོད།  འོན་ཏེ། བཟང་བཙོན་གྱི་བྱེད་སྟངས་དེས་དོན་དངོས་ཐོག་ཀྲུང་ནེ་ཧཱེ་ཕྱོགས་ཀྱིས་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་ངོ་མ་དེ་ཡིན་པ་ཁས་ལེན་བྱེད་པ་མཚོན་ཡོད། གལ་སྲིད་པན་ཅིན་གྱིས་ཁོང་ཡང་སྲིད་ངོ་མ་རུ་ངོས་འཛིན་བྱས་མེད་ཚེ་ཅིའི་ཕྱིར་སྤྱིར་བཏང་གི་བྱིས་པ་གཞན་དག་དང་འདྲ་བར་འགྲོ་འདུག་གི་རང་དབང་མ་སྤྲད་པ་རེད།  སྤྱིར་བཏང་གི་བྱིས་པ་ཞིག་དང་འདྲ་བར་མི་ཕལ་བའི་མཉམ་དུ་མ་བཞག་པ་རེད།  

པན་ཅིན་གྱིས་གསལ་པོ་ཤེས་ཀྱི་ཡོད།  བཟང་བཙོན་འོག་ཏུ་བཅུག་པ་ཙམ་གྱིས་པན་ཆེན་སྐུ་ཕྲེང་བཅུ་གཅིག་པའི་མཚན་གནས་ནག་བསུབ་གཏན་ནས་བཏང་མི་ནུས།  དཔེར་ན།  དེ་སྔོན་དམར་པོའི་གཞུང་གིས་པན་ཆེན་སྐུ་ཕྲེང་བཅུ་པ་མཆོག་མི་ལོ་བཅུའི་རིང་བཙོན་དུ་བཅུག་ཀྱང་བོད་མི་རིགས་ཀྱི་སེམས་ནང་དུ་ཁོང་གི་མཚན་གནས་ལ་འགྱུར་ལྡོག་ཕྲ་མོ་ཙམ་ཡང་ཕྱིན་མེད། 

པན་ཅིན་རང་ཉིད་ཀྱིས་ཆོ་ལོ་བསྩལ་བའི་པན་ཆེན་སྐུ་ཕྲེང་བཅུ་གཅིག་པའི་གོ་ཐོབ་གནང་བའི་ཉིན་མོ་དེ་ནས་བཟུང་(རང་ལོ་ལྔ)་དམར་པོའི་གཞུང་གིས་བཀག་སྡོམ་གྱིས་སྟངས་འཛིན་བྱས་ཡོད་པ་དང་།ད་ལོའི་ཟླ་བརྒྱད་པའི་ནང་ལོ་ན་༢༡སོན་པ་ཁོང་ད་གཟོད་པན་ཅིན་གྱིས་བཀོད་སྒྲིག་འོག་བོད་ཨ་མདོ་(དེང་གི་ཀུའུ་སན་གྱི་ལྷོ་ཕྱོགས)་བསང་ཆུ་རྫོང་དུ་ལྟ་སྐོར་རུ་མངགས་ཡོད།  པན་ཆེན་འདི་ས་གནས་སུ་འབྱོར་མ་ཐག་དམག་མིས་ལྟ་སྲུང་ཧ་ཅང་ནན་མོ་བྱས་པ་མ་ཟད་ཕྱི་རྒྱལ་གྱི་མི་དག་ས་གནས་དེ་ནས་ཕྱིར་ཕུད་བཏང་ཡོད་པ་དང་།  ས་གནས་མི་དམངས་ཚོས་པན་ཆེན་རྫུན་མར་དགའ་བསུ་མི་ཞུ་བ་མ་ཟད་ཐ་ན་གཞུང་ཞབས་པ་ཚོས་ཀྱང་བྲེལ་འཚུབ་ངང་དགོངས་ཞུས་ཀྱིས་དེ་ལས་གཡོལ་ཐབས་བྱས་པ་རེད།  པན་ཆེན་འདི་བླ་རུང་བཀྲིས་འཁྱིལ་དུ་ཆོས་ཉམས་ལེན་གྱི་ཆེད་དུ་ཡོང་བར་གཞུང་གིས་བཙན་ཤེད་ཀྱིས་བཀའ་བཏང་ཏེ་ས་གནས་གྲྭ་བཙུན་ཚོས་ཞབས་ཞུ་བསྒྲུབ་བཅུག་ཡོད།

པན་ཅིན་གྱིས་བོད་རིགས་ཐམས་ཅད་པན་ཆེན་འདིའི་ཉེན་ཁ་རུ་མཐོང་བཞིན་པ་མ་ཟད། པན་ཆེན་འདི་པ་དང་བོད་མི་གཉིས་ཁ་གཏད་དུ་འགྱུར་བཞིན་པ་ཁས་ལེན་ཐོག་པན་ཅིན་གྱིས་ཡོངས་གྲགས་སུ་པན་ཆེན་འདི་བཀོལ་སྤྱོད་པ་ལྟ་བུ་རེད།  ཡང་པན་ཅིན་གྱིས་པན་ཆེན་འདི་རྫུན་མ་ཡིན་པ་ཁས་ལེན་བྱེད་པ་ནང་བཞིན་དོན་དངོས་ཐོག་པན་ཅིན་གྱི་ལག་ནང་གི་གང་སར་བེད་སྤྱོད་ཆོག་པའི་རྩེད་ཆས་ཤིག་ཡིན་པ་རེད།

 ཏཱ་ལའི་བླ་མས་ཁོང་གི་ཡང་སྲིད་སྐོར་གསལ་བསྒྲགས་སྤེལ་བའི་རྗེས་རྒྱ་གཞུང་མགྲིན་ཚབ་པས་བསྐྱར་དུ་༼ཏཱ་ལའི་བླ་མའི་མཚན་གནས་དབུས་སྲིད་གཞུང་གིས་བསྩལ་བ་ཡིན་པས།  དེ་ལྟར་མ་བྱས་ཚེ་ཁྲིམས་མཐུན་རང་བཞིན་གྱི་ཆ་རྐྱེན་མི་ཚང་ལ།   ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའང་སྐབས་དེའི་(གོ་མིན)་སྲིད་གཞུང་གིས་ཆོག་མཆན་འོག་གཏན་འཁེལ་བྱས་པ་དང་།  ཏཱ་ལའི་བླ་མའི་ཡང་སྲིད་ལམ་ལུགས་ལ་ཆོས་ལུགས་ཀྱི་བྱེད་སྒོ་དང་ལོ་རྒྱུས་ཀྱི་སྲོལ་རྒྱུན་ལྡན་པས། ཏཱ་ལའི་བླ་མ་སྐུ་གོང་མས་རྗེས་མའི་ཡང་སྲིད་གཏན་འཁེལ་བྱས་པའི་ལུགས་སྲོལ་གཏན་ནས་མེད་ཟེར།༽

རྒྱ་ནག་དམར་པོའི་གཞུང་གིས་ལན་འདེབས་ནི་མི་བདེན་རྫུན་སྒྲིག་གི་ངག་འཁྱལ་ཙམ་རེད།  ༼ཏཱ་ལའི་བླ་མ༽ཞེས་པའི་མཚན་སྙན་འདི་སོག་པོ་རྒྱལ་པོས་བོད་ཀྱི་དགེ་ལུགས་པའི་བླ་ཆེན་བསོད་ནམས་རྒྱ་མཚོ་(བོད་ཀྱི་གྲུབ་མཐའ་ཆེ་ཤོས་བླ་ཆེན)་ལ་གནང་བ་དང་།  དེ་ནི་སྤྱི་ལོ་༡༥༧༨ལོར་རེད།  སྐབས་དེར་བོད་རྒྱ་སོག་གསུམ་རང་རང་སར་གྱི་རང་བཙན་རྒྱལ་ཁབ་རེད། མིན་རྒྱལ་རབས་ཀྱི་སྐབས་སུ་རྒྱ་ནག་དང་སོག་པོ་གཉིས་འབྲེལ་བ་སྤུ་ཙམ་ཡང་མེད།

 

ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད།  སྤྱི་ལོ་༡༩༣༩ལོར། བོད་གཞུང་བཀའ་ཤག་དང་བོད་རྒྱལ་དམངས་ཚོགས་ཆེན་གྱིས་གཏན་འཁེལ་བྱས་པ་ཞིག་རེད། སྤྱི་ལོ༡༩༤༠ལོའི་འགོར།  བོད་གཞུང་བཀའ་ཤག་སྲིད་སྐྱོང་གིས་གཙོ་སྐྱོང་འོག་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་ཁྲི་སྟོན་མཛད་སྒོ་འཚོགས་ཡོད་པ་དང་། མ་བོས་རང་འགུལ་གྱིས་སླེབས་པའི་གོ་མིན་དབུས་གཞུང་གི་སྐུ་ཚབ་ཝུ་ཀྲུང་ཞིའི།  དེ་བཞིན་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་བལ་ཡུལ།  འབྲུག་སོགས་ཀྱི་སྐུ་ཚབ་ཀྱང་ཕེབས་ཡོད།  དེ་ནི་བོད་ལུགས་ཀྱི་ཁྲི་སྟོན་མཛད་སྒོའི་ཐོག་གི་སྐུ་མགྲོན་གྱི་རྣམ་པ་ཙམ་ལས།  གོ་མིན་དབུས་སྲིད་གཞུང་གིས་ཏཱ་ལའི་བླ་མ་སྐུ་བཅུ་བཞི་པར་ཆོག་མཆན་གནང་བའི་ཁུངས་ལྡན་གྱི་ལོ་རྒྱུསགཏན་ནས་མེད།
དཔེ་ཆ་བཞག་ན།  རྒྱ་ནག་ཚུད་པའི་རྒྱལ་ཁབ་གཞན་རྣམས་ཀྱིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་ཁས་ལེན་བྱས་པ་
དང་།  དེང་གི་དུས་འདིར་རྒྱལ་ཁབ་སུ་ཞིག་གིས་གཞན་སྲིད་གཞུང་དང་རྒྱལ་ཁབ་གང་རུང་ཞིག་ལ་ཁས་ལེན་བྱེད་པ་ལྟར།  དེ་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བའི་གནད་དོན་ཞིག་རེད། (དཔེན་ན། འདི་ལོར་རྒྱལ་ཁབ་སོ་སོས་ལཱི་པིས་ཡཱ་བར་བརྒལ་གྱི་རྒྱུན་ལས་ཚོགས་པར་སྔ་རྗེས་སུ་ཁས་ལེན་བྱས་པ་ལྟར་རེད) ་རྒྱལ་ཁབ་གཅིག་གིས་རྒྱལ་ཁབ་གཞན་ཞིག་ལ་ཆོ་ལོ་བསྩལ་བ་དང་། ཆོག་མཆན་གནང་བ། གཏན་འཁེལ་བྱས་པ་ལྟ་བུ་ཞིག་གཏན་ནས་མ་རེད།  རྒྱལ་ཁབ་ཕུན་ཚུན་བར་ཕུལ་བའི་གུས་བརྩིའི་མཚན་སྙན་ཙམ་རེད། མཛའ་མཐུན་འགྲོ་འོང་གི་ཁོངས་སུ་ཚུད་པ་ལས་བདག་དབང་དང་འབྲེལ་བ་གཏན་ནས་མེད། དེ་དག་ཐམས་ཅད་ནི་ཧ་ཅང་ལས་སླ་བའི་རྒྱལ་ཁབ་བར་གྱི་ཕྱི་སྲིད་ཀྱི་རྒྱུན་ཤེས་ཙམ་ཞིག་རེད།

 

 

རྒྱ་གཞུང་མགྲིན་ཚབ་པས་བརྗོད་དོན། ༼ཏཱ་ལའི་བླ་མའི་ཡང་སྲིད་ལ་འཐུས་ཚང་བའི་ཆོས་ལུགས་ཀྱི་བྱེད་སྒོ་དང་ལོ་རྒྱུས་ཀྱི་རྒྱུན་སྲོལ་ཡོད།  ཡང་དེ་དང་མཉམ་དུ་བཤད་རྒྱུར། ཏཱ་ལའི་བླ་མའི་ཡང་སྲིད་ཚུད་པའི་སྤྲུལ་སྐུ་སུ་ཞིག་གི་ཡང་སྲིད་ཡིན་ན་ཡང་།ཚང་མས་ངེས་པར་དུ་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་རྒྱུན་སྲོལ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་བརྩི་སྲུང་བྱས་སྟེ་ཁྲིམས་ལུགས་ལྟར་བསྒྲུབ་དགོས་ཟེར། ༽གོ་སྐབས་བཟུང་ཏེ་ལྐོག་ཟོག་ནང་འདྲེན་བྱས་པ་ལྟར།རྒྱ་གཞུང་གི་ཁྲིམས་ལུགས་ཟེར་བ་ནི་ཕུན་ཚུན་འགལ་བ་ལྟག་སྤྲོད་དུ་གནས་པ་ཞིག་རེད།

མགྲིན་ཚབ་པས་བཤད་པ་ལྟར་ཏཱ་ལའི་བླ་མ་སྐུ་གོང་མས་རྗེས་མ་ངོས་འཛིན་བྱས་པའི་ལོ་རྒྱུས་གཏན་ནས་མེད་ཅེས་པ་ནི་ཁུངས་ལུང་མེད་པའི་བབ་ཅོལ་རང་རེད།  གང་ཡིན་ཟེར་ན།  ཏཱ་ལའི་བླ་མའི་གསུང་འཕྲིན་ལ་ལྟོས་དང་།  གོང་ས་མཆོག་གིས་དེ་གསུངས་མེད་པ་མ་ཟད་དེའི་གོ་དོན་ཡང་དེ་ལྟར་མིན།  ནང་ཆོས་ཀྱི་སྐྱེ་བ་སྔ་ཕྱིའི་སྐོར་ཞིབ་ཚགས་པོའི་འགྲེལ་བཤད་ནས་འགོ་བཟུང་ཏེ་བོད་ཀྱི་སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་ཀྱི་ལམ་ལུགས་ཀྱི་བྱུང་རིམ་དང་ལོ་རྒྱུས། དེ་བཞིན་མ་འོངས་པར་སྤྲུལ་སྐུའི་ལམ་ལུགས་འདི་རྒྱུན་གནས་དགོས་མིན་སྐོར་གསུངས་ཡོད། གོང་ས་མཆོག་གི་གསུང་བཤད་ཀྱི་མ་ཡིག་འདི་ལྟར། ༼སྐུ་ཕྲེང་བཅོ་ལྔ་པ་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ་དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང༌།ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌།རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱེད་དགོས་པ་དང༌།ངོས་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན། ༽

རྒྱ་གཞུང་གིས་༼ཏཱ་ལའི་བླ་མ༽་ཞེས་མི་འབོད་པར་ཏཱ་ལེ་ཟེར། དེ་ལས་མངོན་པ་ནི་གོང་ས་མཆོག་ལ་མ་གུས་པའི་རྣམ་འགྱུར་ཞིག་རེད།  ཏཱ་ལའི་བླ་མ་ཞེས་པའི་མཚན་གནས་འདི་སོག་པོ་རྒྱལ་པོས་གནང་བ་དང་། སོག་པོའི་སྐད་དུ་ཏཱ་ལེ་ནི་རྒྱ་མཚོའི་དོན་ཡིན་ཞིང་ཏཱ་ལའི་བླ་མ་ནི་རྒྱ་མཚོ་ལྟ་བུའི་བླ་མ་ཞེས་པའི་དོན་རེད།

 དཔེར་ན།  རྒྱ་གཞུང་གིས་བཀོལ་སྤྱོད་བྱེད་བཞིན་པའི་(ཀྲུང་དབྱང་)དབུས་སྲིད་གཞུང་ཞེས་པའི་ཐ་སྙད་འདི།  ཐ་ན་ཁོང་ཚོས་ཀྱང་ཡོང་ཚུལ་ཇི་ལྟར་ཡིན་མིན་ཤེས་དཀའ་ཚོད་རེད། སྔ་རྗེས་སུ་སོག་པོའི་རྒྱལ་རབས་དང་མཱན་ཇཱི་རྒྱལ་རབས་བསྣུབས་པ་དང་དམར་པོའི་གཞུང་གི་མིག་ནང་གི་དབུས་སྲིད་གཞུང་(ཀྲུང་དབྱང)་ཡང་ནུབ་སོང་བ་མ་ཡིན་ནམ།   དེ་ནི་རང་ཉིད་ཀྱིས་རང་གི་ངོ་གདོང་ལ་རྒྱལ་ཚོང་བའི་ས་རྟགས་རྒྱག་པ་ཞིག་མ་རེད་དམ། དམར་ཤོག་ཚོགས་པས་དྲག་པོས་མགོ་རྟོག་སློག་པའི་(ཀྲུང་ཧ་མིན་གོ)རྒྱ་ནག་མི་དམངས་རྒྱལ་ཁབ་ཀྱང་དབུས་སྲིད་གཞུང་དུ་བསྒྲགས་པ་འདི་རང་གིས་རང་ལ་འགྲམ་ལྕག་བཞུས་པ་དང་ཅིས་མི་མཚུངས། ཅིའི་ཕྱིར་རྒྱ་ནག་གཅིག་དེ་(ཀྲུང་ཧ་མིན་གོ)རྒྱ་ནག་མི་དམངས་རྒྱལ་ཁབ་ཡིན་པར་ཁས་མ་ལེན་པ་རེད། རྒྱ་ནག་སྐམ་ས་དེ་(མིན་གོ)རྒྱ་ནག་མི་དམངས་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པར་ཁས་མི་ལེན་པ་རེད།  དེ་ལྟར་ན།  རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་པ་ཕུད་པའི་མཚོ་འགག་གཉིས་གཅིག་གྱུར་ཡོང་ཐབས་མེད་ན། དེ་ནི་ཀྲུང་ནེ་ཧེའི་མཇུག་མ་ཡང་བསྐྱར་མངོན་ཡོང་བ་རེད།  རྒྱ་དམར་དྲག་པོའི་རུ་ཁག་ནི་མཚོ་འགག་གཉིས་ཁ་བྲལ་དུ་གཏོང་བའི་ཉེས་ཅན་པ་གཤེ་གཏེ་དེ་རེད།

བོད་དང་རྒྱ་ནག་གི་འབྲེལ་བའི་ཐད་(ཀྲུང་ནེ་ཧེ་)ཡིས་དོན་དངོས་སུ་ལོ་རྒྱུས་མི་ཤེས་པ་རེད་དམ།  འོ་ན་མི་ཤེས་ཁུལ་བྱས་པ་རེད།    ཕྱི་ཕྱོགས་ཀྱི་མིས་ངོས་འཛིན་བྱས་པ་ལྟར་ན་དེ་ནི་ཁོང་ཚོས་ཕྱེད་ལྷག་ཙམ་མི་ཤེས་ཁུལ་བྱས་པ་རེད་ཟེར།  སྨྱུག་འཛིན་པས་བརྡར་ཤ་གཅོད་དོན་ལ།  ཁོང་ཚོས་མི་ཤེས་ཁུལ་བྱས་པ་ཕུད་པའི་ཕྱེད་ལྷག་ཙམ་ནི་དོན་དངོས་སུ་མི་ཤེས་པ་རང་རེད།   དེང་གི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོའི་ལོ་རྒྱུས་རིག་གནས་ཀྱི་ཆུད་ཚད་ཞན་པ་མ་ཟད་སྔོན་གྱི་དམར་ཤོག་གི་དཔོན་རབས་གཉིས་(མོའོ་ཙི་ཏང་་་ཏང་ཞོའོ་ཕིན)་ཀྱི་གནས་ལུགས་གོ་ལྡོག་གི་གཡོ་སྒྱུ་དང་ཁ་དབང་སྒེར་གཅོད་ཀྱི་མགོ་སྐོར་འོག་ཚུད་པས་རེད།

རྒྱ་ནག་དུ་དུས་རབས་ཕྱེད་ལྷག་གི་རིང་མི་སེར་དཀྱུས་མ་ཚོའི་ཀླད་པ་བསྒྱུར་ཡོད་པ་མ་ཟད་དམར་ཤོག་ཚོགས་མི་དང་ལས་བྱེད་ཚོ་ཡང་ཀླད་བསྒྱུར་བྱས་ཡོད།  མདོར་བསྡུས་ནས་བཤད་ན། དེང་གི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཧུའུ་ཅིན་ཐོ་ཚུད་པའི་འགོ་ཁྲིད་གཅིག་གིས་ཀྱང་ལོ་རྒྱུས་ཐོག་གི་བོད་རྒྱ་འབྲེལ་བར་རྒྱུས་ལོན་མཐར་ཕྱིན་པ་ཞིག་མེད། བོད་ཀྱི་ལོ་རྒྱུས་མཐར་ཕྱིན་ཤེས་མཁན་ནི་དེ་ལས་ཀྱང་བཤད་མི་དགོས།   དེ་ནི་ཧུའུ་ཅིན་ཐོ་གཙོས་པའི་འགོ་ཁྲིད་ཚོའི་བསམ་བློའི་གཏན་ཚིགས་རྙོག་འཛིང་དུ་གྱུར་པའི་རྒྱུ་རྐྱེན་གཅིག་ཡིན་པ་མ་ཟད།  བོད་རྒྱའི་འབྲེལ་མོལ་འོས་འཚམ་ངང་ཐག་གཅོད་བྱེད་མ་ཐུབ་པའི་རྒྱུ་རྐྱེན་ཉག་གཅིག་ཀྱང་རེད།  རྨོངས་པ་ཅན་ལ་འཇིགས་སྐྲག་མེད། ཅེས་པའི་ཚིག་འདིར་ང་ད་གཟོད་ཡིད་ཆེས་སོང་།   ལྷ་མེད་སྨྲ་བའི་དམར་པོའི་རུལ་སུངས་རུ་ཁག་གིས་ཏཱ་ལའི་བླ་མའི་ཡང་སྲིད་རང་འདེམས་རང་བཅད་བྱ་རྒྱུ་ནི་སྔར་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་དགོད་བྲོ་བའི་གནས་སུ་གྱུར་ཟིན།

    བོད་དྲག་ཤུགས་ཀྱིས་དབང་བསྒྱུར་བའི་མོའོ་ཙི་ཏང་གིས་སྔར་བོད་དེ་ཕྱིའི་རྒྱལ་ཁབ་ཡིན་པར་ཁས་ལེན་མྱོང་བ་དང་།  ཏང་ཞོའོ་ཕིན་གྱིས་སྐུའི་གཅེན་པོར་བོད་རང་བཙན་ཕུད་པའི་གཞན་ཅི་ཡིན་ནའང་གྲོས་མོལ་བྱ་ཆོག་ཟེར། ཡང་ཅང་ཙིན་མིན་དང་ཧུའུ་ཅིན་ཐོ་ཡི་དུས་སྐབས་སུ་གྲོས་མོལ་ཅི་ཡང་བྱེད་ས་མེད་པར་གོམ་གང་ཡང་མདུན་བསྐྱོད་བྱས་མ་ནུས། མ་འོངས་པ་དང་ལོ་རྒྱུས་གང་ཡིན་ལ་མ་ལྟོས་པར་གཞི་རྩའི་རྙིང་རུལ་གྱི་བསམ་བློ་དང་བག་འཁུམ་པའི་ལྟ་བར་ད་ལྟའི་བར་དུ་འཛིན་བཞིན་ཡོད།

ཏཱ་ལའི་བླ་མའི་ཕྱོགས་ནས། རང་བཙན་ནས་རང་བཙན་མདོར་བ་དང་།དབུ་མའི་ལམ་འདོན་པ་ནས་༼རྒྱལ་ཁབ་གཅིག་ལ་ལམ་གཉིས༽འཐོབ་རེ་བྱས་པ་དང་།  ཉེ་བའི་ལོ་ཤས་རིང་དེ་ལས་ཀྱང་༼རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲིམ་གཞིའི་ནང་མིང་དོན་མཚུངས་པའི་རང་སྐྱོང་༽གི་རེ་མདུན་བཏོན་བཞིན་པ་རེད།    ཁུངས་སྐྱུང་ལྡན་པའི་མི་བུ་ཡིས།  ཡང་དུ་བསྐྱར་དུ་གུ་ཡངས་བྱེད།།  ལྷག་བསམ་རྣམ་པར་དག་པའི་མདངས།།  ཉི་ཟླ་ལས་ཀྱང་རབ་ཏུ་གསལ།།  འོན་ཏེ།  ཀྲུང་ནེ་ཧེ་(དམར་ཤོག་དབུས་གཞུང་)ཕྱོགས་ནས།   གློ་སྙིང་རྡོ་དང་ལྕགས་ལྟར་དགའ་སྐྱོའི་གཡོ་འགུལ་སྤུ་ཙམ་ཡང་མེད་པར་མཁྲེགས་བཟུང་རྐྱང་བྱེད་པའི་༼ཐབས་མཆོག༽གཉིས་ལས། གཅིག་ནི་མཚན་སྨོད་རེད།  ཏཱ་ལའི་བླ་མ་སྐུ་སྒེར་ལ་མཚན་སྨོད་ཞུ་བ་དང་། གཉིས་ནི་ཁྲིམས་མེད་ལུགས་མེད་ངང་བཙན་ཤེད་ཀྱིས་བོད་ཁུལ་རྒྱ་ལུགས་ཅན་དང་།   དམར་ཤོག་ཅན་དང་མི་ཆོས་ཅན་དུ་བསྒྱུར་བར་མ་ཟད་བོད་རྒྱ་དབུལ་གི་ཕྱུག་ཧེ་བག་ཧ་ཅང་མངོན་གསལ་དོད་པོ་བཟོ་བཞིན་པ་རེད།

ཀྲུང་ནེ་ཧེ་ཡིས་རྩ་མེད་གཙང་དག་དང་ཞི་འགྲིག་གི་ཁོར་ཡུག་མི་བསྐྲུན་པའི་བྱེད་ཐབས་དེས་བོད་རྒྱ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་རིང་ནས་ཇེ་རྒྱང་དུ་གཏོང་བཞིན་ཡོད།  རྒྱ་ནག་དམར་པོའི་གཞུང་གིས་དྲག་ཤུགས་ལ་བརྟེན་ནས་བཙན་ཤེད་ཀྱིས་བོད་འཛིན་སྐྱོང་བྱེད་ནུས་ཀྱང་བསམ་བློའི་ངོས་ནས།  བོད་མི་དང་རྒྱ་གཞུང་བར་གྱི་མི་མཐུན་པའི་བར་སྟོང་དེ་ཉིན་རེར་བཞིན་ཆེ་རུ་འགྲོ་བཞིན་པ་དང་།དགྲ་ཁ་གཏད་དུ་གྱུར་པའི་གནས་ཚུལ་ཉིན་རེར་བཞིན་ཇེ་མང་དུ་འགྲོ་བཞིན་མཆིས། ཉེ་བའི་ལོ་ཤས་རིང་།  བོད་མིའི་ངོ་རྒོལ་ལས་འགུལ་དང་བོད་ཀྱི་གྲྭ་བཙུན་གྱིས་རང་ལུས་མེར་བསྲེག་གི་དོན་རྐྱེན་རྒྱུན་མི་ཆད་པར་བྱུང་ཡོད་ཅིང་། རྣོ་ངར་ཅན་གྱི་ཁ་གཏད་དུ་འགྱུར་བཞིན་པ་འདིའི་རིགས་ལ་བརྟེན་ནས་ཐད་ཀར་མངོན་ཡོང་བ་ནི།  ཏཱ་ལའི་བླ་མས་ཆབ་སྲིད་ཀྱི་འགན་དབང་མི་དམངས་ཀྱིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་བརྩིས་སྤྲོད་གནང་བའི་རྗེས་སུ།   ཡང་སྲིད་ཀྱི་གནད་དོན་སྐོར་བཀའ་ཟབ་ནན་ཕེབས་པ་སོགས་ནི་གོང་ས་མཆོག་གིས་ཛ་དྲག་གི་གནས་སྟངས་མཁྱེན་ཡོད་པའི་རྟགས་མཚན་ཞིག་རེད།

 འོན་ཀྱང་།  ཏཱ་ལའི་བླ་མས་སྔར་བཞིན་ད་དུང་དུས་ཚོད་བར་སྟོང་བཞག་ཡོད།   དེ་ནི་ཁ་ཕྱོགས་རང་བཞིན་ཅན་གྱི་གསལ་སྟོན་ཞིག་ཀྱང་རེད།  ཚོད་དཔག་གིས་ལོ་བཅུ་གྲངས་ཤིག་གི་དུས་ཚོད་བཞག་ཡོད་པ་དང་། བྱམས་དང་སྙིང་རྗེའི་བདག་ཉིད་ཆེན་པོ་མཆོག་གི་ཐུགས་རེ་ཕལ་ཆེར་ལོ་བཅུ་གྲངས་ཤིག་གི་ནང་དུ།  གལ་ཏེ་རྒྱ་བོད་འབྲེལ་བ་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཡོང་ན། བོད་རྒྱའི་གྲོས་མོལ་ལ་གློ་བུར་བའི་མཇུག་འབྲས་འདྲ་ཡོང་སྲིད་ན།དེ་བཞིན་རྒྱ་ནག་གི་ཆབ་སྲིད་ཀྱི་སྒྲོམ་གཞི་ལ་འགྱུར་ལྡོག་འབྱུང་ཐུབ་ན། ཏཱ་ལའི་བླ་མའི་རྒྱུད་འཛིན་གྱི་གནད་དོན་ཐད་བོད་རྒྱ་གཉིས་ཕན་གྱི་ཞི་བའི་ཐབས་ལམ་ལ་ད་དུང་རྒྱལ་ཁ་ཐོབ་པའི་རེ་བ་ཡོད།

རེ་བ་ནི་ད་དུང་ཕྲན་བུ་ཙམ་ཞིག་རེད།  རྒྱུ་མཚན་ནི།  ཀྲུང་ནེ་ཧེ་རུ་གཡོན་ཐལ་ཤོག་ཁག་གིས་འཁྲབ་སྟོན་གྱི་མཇུག་མ་རིང་པོ་ད་དུང་ལྷག་ཡོད་པ་དང།  གལ་སྲིད་མ་འོངས་པའི་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་ནང་དུ་རྩ་བའི་རྒྱུ་རྐྱེན་དེ་མེད་པར་བཏང་མ་ཐུབ་ན།  བོད་རྒྱའི་འབྲེལ་མོལ་ལ་སྔར་བཞིན་འགལ་རྐྱེན་འཕྲད་ངེས།།

                                                                                                        2011ལོའི་ཟླ9པའི་ཚེས27ལ།

མ་རྩོམ་ཡོང་ཁུངས།     http://xizang-zhiye.org/ctachinese/cn/documents-and-archives/article/2010-09-15-06-57-40/906-2011-09-30-09-36-48