གྲོས་ཚོགས་ལ་ཟུར་ཉན་དུ་བཅར་བའི་ཚོར་སྣང།

ཐེངས་འདིར་མང་ཚོགས་ཁྲོད་ནས་ཀྱང་སྔར་དང་མ་འདྲ་བའི་དོ་སྣང་ཤུགས་ཆེན་བྱས་ཡོད་ལ། དོ་སྣང་བྱེད་ས་གཙོ་བོ་གཅིག་ནི་བཙན་བྱོལ་བོད་གཞུང་གི་མིང་བརྗེ་བསྒྱུར་དང་། བོད་ཀྱི་སྲིད་སྐྱོང་ངམ་བཀའ་བློན་ཁྲི་པའི་གོ་གནས་ལ་མིང་འདོགས་སྟངས་སྐོར་རེད། གྲོས་ཚོགས་ཅུང་མ་འཚོགས་པའི་སྔོན་དེར་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་“བཙན་བྱོལ་བོད་གཞུང་”གི་མིང་“བོད་མིའི་སྒྲིག་འཛུགས་”ཟེར་བ་དེ་བརྗེ་བསྒྱུར་གྱིས་“བོད་མིའི་གཞུང་གི་སྒྲིག་འཛུགས་”སམ། ཡང་ན་“བོད་མིའི་དབུས་གཞུང་”ཞེས་པ་གྲོས་ཚོགས་ནང་གཏན་འབེབས་བྱེད་ཆེད་ཁྲིམས་འཆར་འཁྱེར་རྒྱུ་ཡིན་སྐོར་གསུངས་པ་དང། ཡང་བོད་ཀྱི་ཚོགས་སྡེ་དང་སྒེར་པ་མི་ཉུང་བ་ཙམ་གྱིས་བཙན་བྱོལ་བོད་གཞུང་ཞེས་རང་སོར་འཇོག་དགོས་སྐོར་གླེང་པར་བརྟེན། མང་ཚོགས་ནང་དོ་སྣང་ཤུགས་ཆེན་བྱུང་ཡོད་པ་རེད།

 

གཉིས་པ་ནི་བཀའ་ཁྲི་ལ་སྲིད་སྐྱོང་འདོགས་དགོས་མིན་ཐད། བཀའ་ཁྲི་བློ་བཟང་སེང་གེའི་དམ་འབུལ་མཛད་སྒོའི་ཉིན་༧གོང་ས་མཆོག་གིས་སྲིད་སྐྱོང་བློ་བཟང་སེང་གེ་ཞེས་གསུངས་པ་དང། སྐབས་དེའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ཀྱང་སྲིད་སྐྱོང་ཞེས་ཡིག་ངག་གཉིས་ཐོག་ནས་གསུངས་ཡོད་པ་མ་ཟད། དེ་ནི་མང་གཙོའི་ལྟ་གྲུབ་དང་མཐུན་པའི་མིང་ཚིག་འོས་འཚམས་ཤིག་ཡིན་པས། མང་ཚོགས་ནང་དོ་སྣང་ཞིག་སླེབས་པ་རེད།

ཡིན་ནའང་གནད་དོན་དེ་གཉིས་ཀ་གྲོས་ཚོགས་ནང་གཏན་འབེབས་བྱེད་ཐུབ་མེད་པ་མ་ཟད། ཐ་ན་གྲོས་ཚོགས་ནང་བསྐྱར་བཅོས་ཁྲིམས་འཆར་ཙམ་ཡང་འཁྱེར་ཐུབ་མེད་པ་རེད། ངས་འདི་ལྟར་བཤད་དུས་ཐ་སྙད་དེ་གཉིས་གཏན་འབེབས་བྱུང་ན་དགེ་མཚན་ཡོད་མེད་བཤད་ཀྱི་མེད་མོད། གཙོ་བོ་མང་ཚོགས་ནང་ཡོངས་གྲགས་སོང་ཟིན་པའི་དོན་གནད་དེ་ཚོ་ཇི་ལྟར་གཏན་འབེབས་མ་བྱས་པ་ཡིན་གསལ་པོ་བཟོ་དགོས་པ་གལ་ཆེན་དུ་མཐོང་། འོན་ཀྱང་ཡོངས་གྲགས་བྱས་ཟིན་པའི་དོན་དག་དེ་གསང་བ་ལྟ་བུ་བྱས་ཏེ་བཞུགས་མོལ་ཚོགས་འདུའི་ནང་བགྲོ་གླེང་བྱས་མཐར་གྲོས་ཚོགས་ནང་ཁྲིམས་འཆར་ཙམ་ཡང་ཁྱེར་མེད་པ་རེད།

དེར་བརྟེན་ཐ་སྙད་དེ་གཉིས་རྒྱུ་མཚན་ཇི་ཞིག་གིས་གཏན་འབེབས་བྱེད་མ་ཐུབ་པ་ཡིན་ད་དུང་མང་ཚོགས་ནང་དོགས་པ་རེད། དེ་གསང་བ་རེད་དམ་ཟེར་ན། མ་རེད། དེའི་སྔོན་ནས་ཡོངས་གྲགས་བྱས་ཟིན་པས། བཞུགས་མོལ་ཚོགས་འདུའི་ཐོག་གཏན་འབེབས་བྱེད་ཐུབ་མིན་ཚོད་ལྟ་བྱེད་པ་ལས། ཕྱི་གསལ་ནང་གསལ་བྱས་ཏེ་གྲོས་ཚོགས་ནང་བགྲོ་གླེང་བྱས་ཏེ་ཐག་གཅོད་བྱས་ན་མང་ཚོགས་ནང་རྒྱུ་མཚན་ཤེས་རྟོགས་ཡོང་གི་རེད་ལ། དོགས་པ་དེ་ཡང་མེད་པ་ཆགས་ཀྱི་རེད། ཡིན་ཡང་མཚམས་རེར་གྲོས་ཚོགས་འདིས་ནང་མོལ་བྱེད་དགོས་པ་ནང་མོལ་མ་བྱས་པར་ཡོང་གྲགས་བྱེད་ཀྱི་འདུག དཔེར་ན་༢༠༠༩ ལོའི་དགུན་དུས་ཀྱི་གྲོས་ཚོགས་ནང་སྤྱི་འཐུས་ཤིག་གི་ལམ་གླའི་ཆེད་དུ་གྲོས་ཚོགས་ནང་རྩོད་གླེང་མང་པོ་བྱས་པ་དང་། ཤོག་ཁག་གཉིས་སུ་གྱེས་ཏེ་རྒྱ་གྲགས་བོད་གྲགས་བྱས་སོང་། དེ་ལྟ་བུ་གྲོས་ཚོགས་ནང་གྲོས་ཆོད་མ་ཁྱེར་སྔོན་ནས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ནང་མོལ་ཞིག་བྱས་ན་འགྲིག་པ་ཞིག་རེད་མོད། དོན་ཆུང་དོན་ཆེན་དུ་བརྩིས་ནས་འགན་ཁུར་ཆེ་མདོག་དང་དྲང་བདེན་ཡོད་ཁུལ་བྱས་ཏེ་རྩོད་གླེང་ཆེན་པོ་དེ་རྒྱ་ཁྱབ་ཏུ་བཏང་སོང། བོད་གཞུང་གི་མཚན་གནས་བརྗེ་བསྒྱུར་དང་བཀའ་ཁྲིའི་མིང་སོགས་གཏན་འབེབས་ཇི་ལྟར་བྱས་མིན་མང་ཚོགས་ནང་ཁ་གསལ་བྱེད་དགོས་ནའང་། དེ་ལྟར་མ་བྱས་པར་ཁུ་སིམ་མེར་རང་སོར་བཞག་སོང་།

ཡང་ཐེངས་འདིའི་གྲོས་ཚོགས་ནང་མང་ཚོགས་ཀྱི་དཀའ་ངལ་གླེང་སྟངས་ཕྱོགས་ནས་བཤད་ན། སྤྱིར་གཞིས་ཆགས་དང་སློབ་གྲྭ། ཆབ་སྲིད་བཙོན་པ་སོགས་ཀྱི་སྤྱིའི་དཀའ་ངལ་གླེང་སློང་བྱས་ཡོད་པ་དང་། བྱེ་བྲག་འདི་ལོར་བསྟན་འཛིན་སྒང་གཞིས་ཆགས་སུ་བུད་མེད་ཅིག་ལ་གཅར་རྡུང་བྱས་པའི་དོན་རྐྱེན་གལ་ཆེན་དུ་བརྩིས་ཏེ་གྲོས་ཆོད་ཀྱི་ལམ་ནས་གླེང་སློང་ཤུགས་ཆེན་བྱས་སོང་། བུད་མེད་དེ་བཟའ་ཚང་ཡོད་པའི་ཁྱོ་ཀ་ཞིག་དང་འབྲེལ་བ་བྱུང་བར་བརྟེན། ཁྱོ་ཀ་དེའི་བཟའ་ཟླ་དང་འབྲེལ་ཡོད་ཀྱིས་ཚད་ལས་བརྒལ་བའི་གཅར་རྡུང་བྱས་པར་བརྟེན། གནས་ཚུལ་དེའི་རིགས་ཚུལ་མཐུན་གྱིས་ཐག་གཅོད་དགོས་པ་ལས། ཚུལ་མིན་གྱིས་གཅར་རྡུང་བྱེད་སྟངས་དེ་དག་བཀག་འགོག་ཆེད་གྲོས་འཆར་བཏོན་པ་དང་། གླེང་སློང་བྱས་པ་ཡང་འགྲིག་པ་རེད། འོན་ཀྱང་འདི་ལོར་དེ་དང་ཆ་མཚུངས་པར་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ནང་རྒན་བདག་གིས་སློབ་མ་ཞིག་ལ་གཅར་རྡུང་བྱས་ཏེ་བསད་པ་རེད་མོད། མ་འོངས་པར་དེའི་རིགས་བཀག་འགོག་དགོས་པའི་གྲོས་ཆོད་ཕར་ཞོག བསམ་ཚུལ་བཤད་མཁན་ཙམ་ཡང་མི་འདུག

དེ་ན། གནད་དོན་དེ་གཉིས་གང་གལ་ཆེ་ཡི་རེད། སུ་ལ་ཉེས་པ་ཆེ་བ་ཡོད། ཉེས་ཆད་སུ་ལ་ཆེ་བ་ཕོག་འདུག་དཔྱད་བསྡུར་བྱས་ན། བུད་མེད་དེས་བཟའ་ཚང་ཡོད་པའི་ཁྱོ་ཀ་ཞིག་དང་ཕོ་མོའི་འབྲེལ་བ་བྱས་པ་ནི་མིིའི་སྤྱི་ཚོགས་ནང་ནོར་འཁྲུལ་ཆེན་པོར་བརྩི་ཡི་ཡོད་ལ། དེ་སྔོན་ཡང་རྙོག་གླེང་བྱུང་སྟེ་བུད་མེད་དེར་ཉེན་བརྡ་བཏང་ཡོད་འདུག སློབ་མ་དེས་ཐ་མག་འཐེན་ཏེ་སློབ་གྲྭའི་སྒྲིག་གཞི་དང་འགལ་བ་ལས། སྤྱི་ཚོགས་གང་སར་ནོར་འཁྲུལ་དུ་བརྩི་བའི་ཁྲིམས་ལུགས་གང་དང་ཡང་འགལ་མེད་ལ།  ཐ་མག་འཐེན་ན་སྤྱི་ཚོགས་ནང་རྙོག་གླེང་གང་ཡང་བཟོ་ཡི་མེད། བུད་མེད་དེ་དམར་ཧྲེང་དུ་ཁྲིད་དེ་གཅར་རྡུང་བྱས་པ་རེད། སློབ་མ་དེར་གཅར་རྡུང་བྱས་ཏེ་བསད་པ་རེད། རྒན་བདག་ལ་ཉེས་རྡུང་གཏོང་བཅུག་པ་ཡང་མ་འགྲིག་པ་ཡིན་པས། བསད་བཞག་ན་ཇི་ལྟར་ཁ་གསབ་དགོས། གནས་ཚུལ་དེར་ཞིབ་འཇུག་བྱེད་སྐབས། སློབ་གྲྭ་ཁག་ཅིག་གི་ནང་རྒན་བདག་དང་ཁྱིམ་ཚང་ཨ་མས་སློབ་མར་གཅར་རྡུང་བྱེད་པ་ནི་རྒྱུན་ལྡན་ལྟ་བུ་ཆགས་འདུག སློབ་མའི་ནོར་འཁྲུལ་ཤོར་ན་འགན་འཛིན་དང་སློབ་སྤྱི། སྒྲིག་འཛུགས་དགེ་རྒན། འཛིན་གྲྭ་དགེ་རྒན་སོགས་ཀྱིས་ལྟ་དགོས་པ་ལས། ལས་དོན་དེ་རྒན་བདག་ལ་བསྐུལ་བ་ནི་འགན་ཁུར་ཚུལ་བཞིན་ལེན་མ་ཐུབ་པ་རེད། དེ་ན་སློབ་མ་བསད་པའི་ནོར་འཁྲུལ་དེ་རྒན་བདག་ལ་ཡོད་དམ། གཞན་ཞིག་ལ་ཡོད། དེ་ཡང་དྲི་བ་རེད། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་ནང་དུ་ད་ཐེངས་གཅིག་པུ་མིན་པར། དེ་སྔོན་ཡང་རྒན་བདག་གིས་བརྡུངས་ནས་སྨན་ཁང་ལ་སྐྱེལ་དགོས་བྱུང་བ་དང། རྨས་སྐྱོན་ཚབས་ཆེན་བྱུང་བ་སོགས་ཀྱི་གནས་ཚུལ་བྱུང་མྱོང་འདུག ཡིན་ཡང་དེ་བཀག་འགོག་དགོས་པའི་འབོད་སྐུལ་ཙམ་དང་། གླེང་སློང་ཙམ་ཡང་བྱེད་མཁན་མེད་པ་ནི་ཡ་མཚན་ལྟ་བུ་རེད། དངོས་གནས་ཡིན་ན་བོད་གཞུང་ཤེས་རིགས་ལས་ཁུངས་དང་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་། གྲོས་ཚོགས་འཐུས་མི་སོགས་ཀྱིས་དེའི་རིགས་ཀྱི་གནད་དོན་མི་ལྷག་ཆེད་གོ་བརྡ་སྤྲོད་དགོས་མོད། གནད་ལ་ཁེལ་བའི་ལས་དོན་གང་ཡང་བྱས་མ་སོང་།

བོད་ནས་གསར་དུ་འབྱོར་བའི་སློབ་མ་ཞིག་བསད་པ་སྐུ་ངོ་རྣམ་པས་གལ་ཆེན་དུ་མ་མཐོང་ཡང་། བོད་པའི་སྤྱི་ཚོགས་ནང་དེའི་རིགས་ཀྱི་གནས་ཚུལ་མི་འབྱུང་ཆེད་སྔོན་འགོག་གི་སློབ་གསོ་ཙམ་རེ་དགོས་གལ་དུ་མཐོང་། སྤྱིར་བཏང་མི་སུ་ཡིན་ཡང་སོ་སོ་གལ་ཆེན་ཡིན་པས། བོད་ཁྱིམ་སློབ་གྲྭར་ཕོག་ཐུག་གཏོང་རྒྱུ་དཀའ་ལས་ཡོད་པ་རེད། བཙན་བྱོལ་སྤྱི་ཚོགས་ནང་གི་གཞི་རྒྱ་ཆེ་བའི་སློབ་གྲྭ་ཞིག་རེད། སོ་སོར་སྒེར་གྱི་ཁེ་ཕན་ལ་ཡང་གནོད་སྲིད། མ་འོངས་པར་སོ་སོ་དང་སོ་སོའི་འབྲེལ་ཡོད་ཀྱིས་ཕྲུ་གུ་སློབ་གྲྭར་སྐྱེལ་དགོས་པ་རེད། ཡིན་ཡང་ལས་ཀྱི་སྣེ་མོ་བ་ཚོས་འགན་ཁུར་དགོས་པར་སྣང་། བསམ་ཚུལ་འདིར་གནས་ལུགས་ཡོད་མེད། དབང་ལྡན་འགན་འཛིན་དང་ལས་ཀྱི་སྣེ་མོ་བ་ཚོས་ཞིབ་དཔྱོད་དགོས་པ་ལས། དེ་མིན་གཉོམ་ཆུང་ཁག་ཅིག་གིས་དམའ་རིམ་ནས་སྡུག་སྐད་ལ་ཡ་ལན་སྤྲོད་མཁན་མེད་པའི་ཚད་དུ་སླེབས་འདུག སུ་ཇཱ་སློབ་གྲྭའི་གནད་དོན་དེ་གཅིག་པུ་མི་མང་ཁྲོད་གླེང་སློང་བྱེད་མཁན་མང་ལ། བོད་ཀྱི་བང་ཆེན་དྲ་རྒྱ་དང་། བོད་ཀྱི་དུས་བབ་དྲ་རྒྱ། ཁ་བརྡ་དྲ་རྒྱ་སོགས་ཀྱི་ཐོག་ཐུགས་སྣང་གནང་ན། མི་མང་གིས་སྐད་ངན་མང་པོ་བརྒྱབ་འདུག་ལ། སློབ་མ་དེ་བསད་པར་བློ་ཕམ་བྱེད་མཁན་ཡང་མང་པོ་འདུག །

http://www.khabdha.org/?p=21497#more-21497