ལུས་སྲོག་གི་སྡོང་ཤིང་།

རྭ་རྩེ་རྣོ་ངར་ཅན་གྱི་ཁྱད་ནོར་བ།།

བྲེ་སེར་འབྲོང་ལས་སེམས་ཅན་གཞན་ཡོད་མིན།།

འཚར་དུ་དངར་བའི་གངས་རྒན་ཁྲ་མོའི་རྩེར།།

གཟི་རྔམ་གཏུམ་པོའི་གང་ཟག་རྒྱུ་ཞེ་ན།།

གཡུ་ཡི་རལ་ཅན་འགྱིང་སྟབས་རྔམ་སྟོན་པ།།

ཕོ་ཐོང་སེང་གེ་ལས་གཞན་སུ་ཡང་མེད།།

བསིལ་གྲིབ་ཅན་གྱི་ཙན་དན་ནགས་ཁྲོད་ན།།

བང་རྩལ་འགྲན་མེད་གང་ཟག་ཡོད་ཅེ་ན།།

འཛུམ་དྲུག་ཐིག་ལེ་བརྒྱ་ལྡན་གདུགས་པ་ཅན།།

དམར་ཡག་སྟག་མོ་མིན་པ་སུ་ཞིག་ཡོད།།

རབ་ཡངས་མཁའ་དབྱིངས་མུ་མཐའ་མེད་པ་ན།།

གཤོག་དྲུག་རྩལ་གྱི་བགྲོད་མཁས་ལྡིང་སོང་ན།།

འཕུར་ལྡིང་རྩལ་ཀུན་རྫོགས་པའི་གཤོག་སྒྲོ་ཅན།།

མཁའ་ལྡིང་དབང་པོ་བྱ་རྒྱལ་ཁྱུང་ཆེན་ནོ།།

གངས་རིས་ཡོངས་སུ་བསྐོར་བའི་ཞིང་ཁམས་ན།།

རྒྱལ་གཅེས་དཔའ་བོ་ཕོ་རབ་བརྩི་རུང་ན།།

གཅེས་པའི་ལུས་སྲོག་སྡོང་ཤིང་ལ་བསྒྱུར་ནས།།

མེ་ལྷའི་ཞལ་ཐིམ་ཚེ་དབང་ནོར་བུ་འོ།

དཔའ་བོས་ལྡོང་རིགས་མཆེད་པའི་དཔའ་རྟགས་བསྟན།།

མི་རིགས་ལ་རྒྱ་དུ་སྤྲིན་དགུང་ལ་འཕྱུར།།

སྲོག་དང་བསྡོས་ཏེ་རྒྱལ་དམངས་དོན་ཆེན་བསྒྲུབས།།

བྱ་དཀའ་སྤྱོད་པ་ལྷུར་ལེན་རྒྱལ་བའི་སྲས།།

རང་དོན་བློ་ངན་ཆུ་རི་ཇི་བཞིན་འདོར།།

གཞན་དོན་བློ་བཟང་རྡོ་བརྐོས་རི་མོ་བཞིན།།

སེམས་དཔའ་ཆེན་པོའི་བྱ་དཀའི་སྤྱོད་པ་ཞེས།།

ཁོ་བོའི་བློ་ལ་བརྗོད་འདོད་ཇི་བཞིན་བྲིས།

ཕལ་པའི་བློ་ལ་དྲན་ཙམ་མི་སྲིད་ལ།།

དྲན་ཡང་བློས་བཏང་འདི་འདྲ་ག་ལ་ཕོད།།

གཞན་གྱིས་མི་ནུས་རླབས་ཆེན་བྱ་བ་འདིར།།

ཡི་རངས་བསྟོད་པའི་མེ་ཏོག་ཀུན་ཏུ་འཐོར།།

ཚེ༵་རབས་དུ་མར་དལ་རྟེན་རིམ་བརྒྱུད་ཅིང་།།

དབ༵ང་པོ་ཀུན་ཚང་གཟུགས་མཛེས་ལང་ཚོ་ལྡན།།

ནོར༵་མང་ལྷ་ཡི་ལོངས་སྤྱོད་ཆར་དུ་སྙིལ།།

བུ༵་རབ་ཁྱེད་ཀྱི་བསམ་དོན་འགྲུབ་པར་ཤོག།

ཅེས་པ་འདི་ཡང་སྙན་དངགས་པ་ཡོན་ཏན་མཆོད་སྤྲིན་རྒྱ་མཚོ་པས་རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུའི་བདུན་ཚིགས་ཐ་མར་གདུང་སེམས་མཉམ་བསྐྱེད་ཀྱི་ཚུལ་དུ་ཕུལ།༢༠༡༡ཟླ་༡༠ཚེས་༠ཉིན་བྲིས།