སྙིང་ལ་སིམ་པའི་མཛད་བཟང༌།
ལོག་སྨོན་གདུག་རྩུབ་ཆེ་བའི་སྲིན་པོའི་དཔུང་གིས།།
གངས་ལྗོངས་ཞི་བདེ་ཁྲག་གི་མཚོ་མོར་བསྒྱུར་ཡང༌།།
འཚེ་མེད་ཞི་བདེའི་ལམ་སྟོན་ཉི་མ་གཞོན་ནུ།།
ཤར་ཕྱོགས་རི་བོའི་རྩེ་ནས་འཛུམ་རྒྱ་གྲོལ་སོང༌།།
འབུམ་ཕྲག་བཅུ་གཉིས་རྣམ་ཤེས་རླུང་ལ་བསྐུར་ཞིང༌།།
དགོན་སྡེ་བརྒྱ་ཕྲག་དྲུག་ཅུ་ཐལ་བར་བསྒྱུར་ནས།།
བསགས་པའི་རྒྱུ་ནོར་རྒྱ་ཡི་ཡུལ་དུ་དྲངས་ཀྱང༌།།
བཟོད་པའི་གོ་ཆ་མ་ལྷོད་ཞི་བའི་ལམ་སྟོན།།
གདོང་དམར་བོད་མིས་མི་ཡུལ་ས་མཐའ་འགྲིམ་དུས།།
འབྲེལ་འདྲིས་ཟབ་པ་ས་དང་གནམ་ལས་མེད་ཀྱང༌།།
བྱམས་བརྩེའི་མདུད་རྒྱ་མ་ལྷོད་འོད་ཞགས་དཀར་པོས།།
ཟླུམ་གཟུགས་གོ་ལ་ཧྲིལ་པོ་དམ་གྱིས་བསྡམས་སོང༌།།
བྱམས་བརྩེ་ཞི་དུལ་ཅན་གྱི་དགེ་སྦྱོང་ཞིག་གིས།།
ཤར་ནུབ་ཆེ་དགུའི་ཁེངས་པ་ཟིལ་གྱིས་གནོན་བཞིན།།
ཕྱག་མཉེན་ཕྱག་གིས་རྡུལ་ཕྲན་མཚོན་ཆ་འགོག་པ།།
ཞི་བདེའི་དེད་དཔོན་ལྷར་བཅས་འགྲོ་བའི་སྐྱབས་མགོན།།
འཛམ་གླིང་ཆེ་དགུའི་རལ་བའི་ཅོད་པན་རྩེ་རུ།།
དཀར་འཇམ་ཞབས་ཀྱི་རི་མོ་མངོན་པར་བཀོད་ཅིང༌།།
ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཁྱེད་ལ་ཕུལ་བས།།
ཞི་བདེའི་འོད་སྣང་རིས་མེད་འགྲོ་ལ་ཁྱབ་སོང༌།།
ཉིན་མཚན་དུས་དྲུག་བསྟན་འགྲོའི་དོན་ལ་གཞོལ་ཞིང༌།།
ས་ཡ་དྲུག་གི་བདེ་སྡུག་ཁུར་དུ་བསྣམས་ནས།།
ཤར་ནུབ་གོ་ལ་ཧྲིལ་པོ་ཞབས་ཀྱིས་བཅགས་ཤིང༌།།
བྱམས་བརྩེའི་ཆོས་ཀྱི་ཆར་པས་ས་སྟེང་བཀང་སོང༌།།
མི་ལོ་ཉིས་སྟོང་ལྔ་བརྒྱའི་ཡར་སྔོན་ཞིག་ལ།།
རྒྱ་གར་འཕགས་པའི་ཡུལ་གྱི་བསོད་ནམས་དཔལ་དུ།།
ཟས་གཙང་སྲས་ཀྱི་མཛད་བཟང་ཆེས་ཆེར་རྒྱས་ཀྱང༌།།
གདུལ་བྱའི་རྣམ་གྲངས་ཁྱེད་ཀྱི་དོ་ཟླར་འོས་སམ།།
མ་འོངས་བོད་པའི་བདེ་སྡུག་ཐུགས་ལ་བཅངས་ནས།།
གཞུང་དང་དགོན་སྡེ་སློབ་གྲྭ་གསར་སྐྲུན་གནང་ཞིང༌།།
མང་གཙོའི་ལམ་བཟང་འབངས་ལ་གསོལ་སྩལ་གནང་བ།།
གཟིགས་རྒྱང་རིང་བའི་མཛད་བཟང་སྙིང་ལ་སིམ་པ།།
ཆོས་བརྒྱུད་ཡོངས་རྫོགས་བྱམས་བརྩེའི་གཟིགས་སྟངས་གཅིག་གིས།།
ལེགས་པར་བསྐྱངས་པའི་ལེགས་བྱས་དགེ་བའི་ས་བོན།།
བོད་འབངས་རེ་བའི་ཞིང་ས་གཤིན་པོར་བཏབ་ནས།།
རྒྱལ་བསྟན་དཀར་འཇམ་ཡུག་གཅིག་ཀུན་ཏུ་ཁྱབ་སོང༌།།
དེ་དང་དེ་ལྟའི་མཛད་བཟང་ཉི་གཞོན་སྣང་བ།།
འཛམ་གླིང་ཤར་ནུབ་ཡུལ་གྲུ་ཀུན་ཏུ་ཁྱབ་པ།།
ལྕེ་བརྒྱ་སྤྲུལ་ནས་སྨྲས་ཀྱང་རྫོགས་མཐའ་མེད་པས།།
སྨྲ་བའི་སྤྲོས་པ་མི་དགོས་ཀུན་གྱིས་མཁྱེན་གསལ།།
སྟོབས་ཆེན་ཨ་རིའི་རྒྱལ་དམངས་བློ་རྩེ་གཅིག་མཐུན།།
ཞི་བདེའི་གསེར་གྱི་རྟགས་མ་ཁྱེད་ལ་ཕུལ་བས།།
དགའ་དད་སྤྲོ་བའི་དངོས་དོན་ཕྱིར་དྲན་ཚིག་གསུམ།།
འགོག་མེད་མཛུབ་རྩེའི་ལམ་ནས་ཁད་ཀྱིས་ཤོར་སོང༌།།
སྙན་འཇེབས་ཚིག་གི་སྡེབ་སྦྱོར་ངག་ལ་མ་གོམས།།
དོན་ཟབ་ཤེས་བྱའི་གནས་ལ་སྦྱངས་པ་དམན་ཡང༌།།
འདི་ཕྱི་གཉིས་ཀྱི་སྐྱབས་གནས་མཚུངས་ཟླ་མེད་པར།།
མོས་གུས་དང་བའི་དབྱངས་ཀྱིས་གསོལ་འདེབས་ཞུས་ཡོད།།
ཁམས་གསུམ་སྐྱེ་འགྲོ་ཡོངས་དང་གངས་ཅན་བོད་པའི།།
བསོད་ནམས་མགོན་དུ་བསྐལ་པ་བརྒྱ་ཕྲག་དུ་མར།།
མི་ཤིག་རྟག་བརྟན་རྡོ་རྗེ་ཆོས་བདུན་ངོ་བོར།།
འཚོ་གཞིས་ཡུན་དུ་བཞུགས་པའི་སྨོན་འདུན་ཞུའོ།།
ཞེས་པ་འདི་ཉིད་ལས་དང་སྨོན་ལམ་གྱི་སྟོབས་ལ་བརྟེན་ནས་གང་གི་ལྷ་འབངས་སུ་སྐྱེས་ཤིང་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་པ་རང་དབང་ཅན་གྱི་བདུན་རེའི་གསར་ཤོག་བོད་ཀྱི་བང་ཆེན་གྱི་རྩོམ་སྒྲིག་པ་དང༌། བོད་མི་མང་སྤྱི་འཐུས་ཀྱི་མིང་ཁུར་བ་ཏོག་ཚ་ཚང་ཚུལ་ཁྲིམས་དར་རྒྱས་སམ། ཡོངས་གྲགས་གསེར་རྟ་ཚུལ་ཁྲིམས་སུ་འབོད་པས་རབ་གནས་མཆུ་ཟླ་བའི་དམར་ཕྱོགས་ཀྱི་བཟང་བ་གསུམ་པའི་ནམ་ལངས་ཡོས་ཀྱི་དུས་ཚོད་དང༌། ཕྱི་ལོ་༢༠༠༨ ཟླ་ ༣ ཚེས་ ༣ རེས་གཟའ་ཟླ་བའི་ཉིན་བྲིས་པའོ།།
