ཝི་ཏི་ནམ་དང་བོད་ཀྱི་མཐུན་འབྲེལ་ཚོགས་པ་གསར་འཛུགས།
ཟླ་འདིའི་ཚེས་༡ ཉིན་གྱི་སྔ་དྲོ་་དྷ་ས་མེག་གྷན་དུ་ཝི་ཏི་ནམ་དང་བོད་ཀྱི་མཐུན་འབྲེལ་ཚོགས་པ་ཞེས་པའི་ཚོགས་པ་གསར་པ་ཞིག་སྒོ་འབྱེད་བྱས་སོང་ལ། དེས་བོད་དང་ཝི་ཏི་ནམ་མཉམ་འབྲེལ་གྱིས་ལས་འགུལ་སྤེལ་རྒྱུ་ཡིན་ཟེར།
དེ་ཡང་ཟླ་འདིའི་ཕྱི་ཚེས་༡ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠་པའི་ཐོག ཝི་ཏི་ནམ་གྱི་མང་གཙོ་འཐབ་རྩོད་པ་ལྕམ་Nguyen thi ngoc hanh ཡི་རྒྱབ་སྐྱོར་དང་མཐུན་རྐྱེན་འོག ཝི་ཏི་ནམ་དང་བོད་ཀྱི་མཐུན་འབྲེལ་ཚོགས་པ་ཞེས་པའི་ཚོགས་པ་གསར་པ་ཞིག་སྒོ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། མཛད་སྒོ་དེར་བཙུན་དགོན་དགའ་ལྡན་ཆོས་གླིང་གི་མཁན་རིན་པོ་ཆེ་མཆོག་དང་། གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཕེབས་ཡོད་པ་རེད།
ཐོག་མར་ཚོགས་བཅར་བ་ཚང་མ་སྐུ་བཞེངས་ཀྱིས། བོད་ཀྱི་རྒྱལ་གླུ་དང་ཝི་ཏི་ནམ་གྱི་རྒྱལ་གླུ་བཏང་སྟེ་མཛད་སྒོ་དངོས་སུ་འགོ་འཛུགས་བྱས་པ་དང་། དེ་ནས་ཚོགས་པ་དེའི་འགན་ཁུར་བ་གཙོ་བོ་ཐུབ་བསྟན་བསྟན་འཛིན་ལགས་ཀྱིས་ཚོགས་པ་དེ་བཙུགས་དགོས་པའི་དམིགས་ཡུལ་ངོ་སྤྲོད་གནང་དོན། རྩ་བའི་ལས་དོན་འདིའི་ཆེད་རང་གཞན་ཚང་མས་དཀའ་ལས་མང་པོ་ཞིག་བརྒྱབ་ཡོད་རེད། སྤྱིར་བཏང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ལས་འགུལ་མང་པོ་ཞིག་སྤེལ་གྱི་ཡོད་པ་ནང་བཞིན། ཕྱིས་སུ་ལས་འགུལ་ག་འདྲ་ཞིག་སྤེལ་བ་ཡིན་ན་ཡང་། ཝི་ཏི་ནམ་དང་བོད་མཉམ་འབྲེལ་གྱི་ཐོག་ནས་ལས་ཀ་བྱས་པ་ཡིན་ན། རྒྱལ་སྤྱིའི་སྒང་ལ་དམིགས་བསལ་གྱི་ནུས་པ་ཐོན་ཐུབ་པའི་རེ་བ་ཆེ་བ་ཡོད་པ་དང་། ལས་འགུལ་དེ་ཡང་དྷ་ས་གཅིག་པུ་མ་ཡིན་པར་ཕྱིའི་རྒྱལ་ཁབ་ཁག་གཞན་དང་། ལྷག་པར་དུ་ཝི་ཏི་ནམ་ནང་ལ་ལས་འགུལ་སྤེལ་དགོས་པ་གལ་ཆེ་བ་མཐོང་གི་ཡོད། ལས་འགུལ་སྤེལ་བ་ཙམ་མ་ཡིན་པར་ཝི་ཏི་ནམ་དང་བོད་མཉམ་འབྲེལ་གྱིས་ཐོག་ནས། ལས་འགུལ་གྱི་དམིགས་ཡུལ་དེ་དག་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གསལ་པོ་བཟོ་དགོས་པ་གལ་ཆེན་པོ་ཡིན་པ། སོགས་ལ་དམིགས་ཏེ་ཚོགས་པ་འདི་བཙུགས་པ་ཡིན་ཞེས་གསུངས་སོང་།
ཚོགས་པ་དེ་ནི་ཝི་ཏི་ནམ་གྱི་མང་གཙོ་འཐབ་རྩོད་པ་ལྕམ་Nguyen thi ngoc hanh ཡི་རྒྱབ་སྐྱོར་དང་མཐུན་རྐྱེན་འོག་བཙུགས་ཡོད་པ་དང་། ད་ལྟའི་ཆར་ཚོགས་པ་དེར་ཚོགས་མི་༣ ཡོད་པ་རེད། །