ནོ་སྦེལ་གཟེངས་རྟགས་བཞེས་མཁན་ཁག་ཅིག་གིས་ཧུའུ་ལ་ཞུ་ཡིག

ཟླ་འདིའི་ཚེས་༢  ཉིན་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བར་ལྟར་ན།   ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ཌེ་སི་མོན་ ཊུའུ་ཊུའུ་གཙོས་མི་སྣ་བཅུ་གཉིས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་བོད་དོན་དང་འབྲེལ་བའི་ཞུ་ཡིག (Open Letter) གཅིག་འབུལ་རྒྱུ་ཡིན་འདུག

དེ་ཡང་ཉེ་དུས་ཀྱི་ལོ་ཟླའི་ནང་རྒྱ་ནག་གིས་འགྱུར་བ་མེད་པའི་མཁྲེགས་འཛིན་གྱི་སྲིད་ཇུས་ལ་ཨ་ཆད་ཨུ་ཐུག་གིས། བོད་ཕྱི་ནང་གཉིས་སུ་བོད་མི་སུམ་ཅུ་ལྷག་ཙམ་གྱིས་ངོ་རྒོལ་གྱིས་རང་ལུས་མེར་བསྲེག་བཏང་ཡོད་པས།  རྒྱ་གཞུང་གིས་སྲིད་ཇུས་ལ་བོད་མིས་སུན་སྣང་བྱེད་ཀྱི་ཡོད་པ་དེ་ཞི་འཇམ་ཡོང་བའི་ཕྱིར།  རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་༧གོང་ས་མཆོག་དང་ལྷན་དུ་དོན་སྙིང་ལྡན་པའི་བཀའ་མོལ་གནང་རོགས་ཞེས་པའི་ཞུ་ཡིག་ཤིག་འབུལ་རྒྱུ་ཡིན་འདུག

ད་དུང་ཞུ་ཡིག་གི་ནང།  གསར་འགོད་པ་ཚོ་བོད་ནང་དངོས་སུ་གནས་ཚུལ་མཁོ་བསྒྲུབ་བྱེད་ཆོག་པའི་རེ་བསྐུལ་བྱས་ཡོད་པ་དང།   ཞུ་ཡིག་དེ་དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་སྲིད་འཛིན་ཧུུའུ་ཅིན་ཐའོ་ལ་གཏོང་རྒྱུ་ཡིན་པའི་གནས་ཚུལ་སྤེལ་འདུག
སྐུ་ཞབས་ Desmond Tutu  ཡིས་གཙོས་པའི་གཞན་མི་སྣ་ཁག་ནི།  Jody Williams དང།  Lech Wales ལ་སོགས་པའི་ཁྱོན་ནོ་སྦེལ་གཟེངས་རྟགས་བཞེས་མཁན་བཅུ་གཉིས་ཀྱིས་ཞུ་ཡིག་དེ་བྲིས་ཡོད་འདུག