ཀོལ་ཀ་ཏ་ནས་བོད་མི་ཞིག་གིས་བོད་དོན་ཆེད་རང་སྲོག་བློས་བཏང་།
འབྲེལ་ཡོད་ཅིག་གིས་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཀོལ་ཀ་ཏ་རུ་མཐོ་རིམ་སློབ་སྦྱོང་གནང་བཞིན་པའི་བོད་མི་ན་གཞོན་དོན་གྲུབ་ཅེས་པ་ཞིག་གིས་ཕྱི་ཟླ་༤ ཚེས་༣ ཉིན་ཀོལ་ཀ་ཏའི་སྐད་གྲགས་ཆེ་བའི་ཟམ་ཆེན་གྱི་ཐོག་ནས་ཆུར་མཆོངས་ནས་རང་སྲོག་བློས་བཏང་ཡོད་འདུག་པ་དང་། རྒྱ་གར་བ་བོད་དོན་རྒྱབ་སྐྱོར་གནང་མཁན་ཞིག་ལ་དེའི་སྐོར་ལག་འཛིན་ཁ་པར་བརྒྱུད་ནས་འཕྲིན་ཐུང་ཞིག་བཏང་ཡོད་འདུག
དེ་ཡང་གནས་ཚུལ་ངོ་སྤྲོད་གནང་མཁན་དེས་བརྗོད་གསལ་ལྟར་ན། ཀོལ་ཀ་ཏར་སློབ་སྦྱོང་གནང་བཞིན་པའི་ན་གཞོན་དོན་གྲུབ་ལགས་ནི། དུས་རྒྱུན་བོད་དོན་ཆེད་སེམས་ཤུགས་ཆེན་པོ་ཡོད་མཁན་ཞིག་དང་། བོད་དོན་ལས་འགུལ་ཁག་ཏུ་དམིགས་བསལ་འཛུལ་ཞུགས་བྱེད་མཁན་ཞིག་ཀྱང་ཡིན་འདུག ཕྱི་ཟླ་༤ ཚེས་༢ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཞིག་ལ་ཁོང་གིས་ལག་འཛིན་ཁ་པར་གྱི་འཕྲིན་ཐུང་བརྒྱུད་ནས་བརྗོད་པར། བོད་པ་ཚོས་རང་ལུས་མེར་བསྲེག་བཏང་བ་ལས། རྒྱ་ནག་གི་གཞུང་ཚབ་ཀྱི་སྒོ་རུ་བོད་རང་བཙན་ཞེས་བྲིས་ན་གཟི་བརྗིད་ཆེ་བ་ཡོད་ཚུལ་བརྗོད་ཡོད་འདུག་པ་དང་། དེའི་རྗེས་སུ་ང་ཉིད་གཅིག་པུར་ཐག་རིང་ཞིག་ལ་འགྲོ་རྒྱུ་ཡིན་ཚུལ་སོགས་ཀྱང་བརྗོད་འདུག དེ་རིང་སྟེ་ཕྱི་ཚེས་༧ ཉིན་གཞི་ནས་ཁོང་གི་སྐུ་ཕུང་རྙེད་ཡོད་འདུག་ལ། ཁོང་ནི་རྒྱ་གར་བྱང་ཤར་ཀ་ལི་སྤུངས་ཁུལ་དུ་སྐྱེས་པའི་བོད་མི་ཞིག་ཡིན་ཚུལ་འདུག གནས་ཚུལ་དེའི་སྐོར་ཞིབ་ཕྲ་རྗེས་སུ་ཤེས་རྟོགས་བྱུང་མཚམས་འགོད་རྒྱུ་ཡིན།།