སྙན་ངག་དང་སྙན་ངག་པ་གླེང་བ།
ཨོ་ཨོ་་་་ ཅི་ཞིག་ལ་སྙན་ངག་དང་སྙན་ངག་པ་ཟེར། རེད། ཆོས་ལུགས་ཀྱི་ངོ་བོ་ཆབ་སྲིད་མིན་ལ། ཆབ་སྲིད་ཀྱི་ངོ་བོ་ཡང་ཆོས་ལུགས་གཏན་ནས་མིན་པ་བཞིན་དུ། སྙན་ངག་ཀྱང་རང་རྐྱ་འཕེར་བའི་རིག་པའི་གཞུང་ལུགས་ཤིག་ཡིན་པས། ཆོས་ལུགས་དང་ཆབ་སྲིད་ཀྱི་ངོ་བོར་གཏན་ནས་བསྒྱུར་མི་བཏུབ། འདི་ནི་སྙན་ངག་གི་རང་བཞིན་ཡིན་ལ་བླ་སྲོག་ཀྱང་ཡིན་ངེས།
རིག་པའི་གཞུང་ལུགས་བརྒྱ་ཕྲག་དུ་མའི་དཀྱིལ་འཁོར་དང་ལྷན་དུ་ངག་རིག་གི་སྒྱུ་རྩལ་ཁྱུ་མཆོག་ཏུ་གྱུར་པའི་ནི་སྙན་ངག་དང་སྙན་ངག་པའི་འོད་སྟོང་འབར་བའི་གཟི་བརྗིད་ཡིན་ལ་བླ་ན་མེད་པའི་ཕྲིན་ལས་ཡིན། སྙན་ངག་དང་སྙན་ངག་པ་ནི་ཆོས་ལུགས་དང་ཆབ་སྲིད་གཙོས་རིག་གནས་བྱེ་བྲག་པ་རེ་ཟུང་གི་བྲན་གཡོག་མིན་ལ་ལག་ཆ་གྱི་ཚུལ་དུ་ཡང་གཏན་ནས་བསམ་མི་རུང་། འོན་ཀྱང་སྙན་ངག་གིས་ནམ་ཡང་སྙན་ངག་གི་རང་གཤིས་སྲུང་བཞིན་རིག་གནས་གཞན་དང་གཞན་ལའང་སྲི་ཞུ་ཁྱད་དུ་འཕགས་པ་དུ་མ་ཞིག་བསྒྲུབ་ཐུབ་པ་ནི་སྙན་ངག་གི་ཐུན་མིན་གྱི་ཁྱད་ཆོས་དང་སྒྱུ་རྩལ་གྱི་བྱེད་ལས་ཤིག་ཏུ་གྱུར། ཆབ་སྲིད་ཀྱི་འཇིག་རྟེན་ཆོས་ལུགས་ཀྱི་འཇིག་རྟེན་མིན་ལ་ཆོས་ལུགས་ཀྱི་འཇིག་རྟེན་ཆབ་སྲིད་ཀྱི་འཇིག་རྟེན་མིན་པ་བཞིན། སྙན་ངག་གི་ལས་འགན་ངོ་མ་ནི་ཆོས་ལུགས་དང་ཆབ་སྲིད་སོགས་རིག་གནས་གཞན་ཞིག་གི་གནས་ལུགས་འཚོལ་རྒྱུ་དང་སྲི་ཞུ་བསྒྲུབ་ཙམ་གཏན་ནས་མིན་པར། སྙན་ངག་དང་སྙན་ངག་པ་ལའང་སྙན་ངག་གི་འཇིག་རྟེན་ཡོད་པ་བཞིན་སྙན་ངག་གི་ངོ་བོ་དང་སྙན་ངག་གི་རང་གཤིས་འཚོལ་བཞིན་སྙན་ངག་གི་འཇིག་རྟེན་ངོ་མ་ཞིག་གསར་བསྐྲུན་དང་འཕེལ་རྒྱས་ཀྱི་ཡང་རྩེར་འཛེག་རྒྱུ་ཉག་ཅིག་ཡིན། དེས་ན་དོན་ངོ་མར་བཤད་སོང་ན་སྙན་ངག་ནི་བཙན་གྱིས་གཏན་ནས་འབྲི་མི་རུང༌། སྙན་ངག་བཙན་གྱིས་འབྲི་བ་ནི་གནས་ལུགས་དང་འགལ་བའི་ཨུ་ཚུགས་ཀྱི་བྱ་སྤྱོད་ཁོ་ན་ཡིན། ཚིག་ལ་སྙན་ཆ་འཐོན་པ་ཙམ་དང་སྡེབ་སྦྱོར་གོ་རིམ་འགྲིག་པ་ཙམ་གྱིས་སྙན་ངག་གཏན་ནས་འགྱུར་མི་སྲིད་ལ། ཆབ་སྲིད་དང་ཆོས་ལུགས་སོགས་ལ་སྲི་ཞུ་ཕྲན་བུ་རེ་བསྒྲུབས་པ་ཙམ་གྱིས་སྙན་ངག་དང་སྙན་ངག་པར་རློམ་སེམས་སྐྱེས་པ་ནི་ཇི་འདྲ་བའི་འཇིགས་སུ་རུང་ཞིག་མ་རེད་དམ། དེའི་ཕྱིར་སྙན་ངག་འབྲི་དུས་སྙན་ངག་ལ་འགན་འཁྲི་དགོས་པ་དང་སྙན་ངག་ལ་བླ་སྲོག་དགོས་པ་རེད། དེས་ན་སྙན་ངག་གི་མཛེས་སྡུག་ངོ་མ་ནི་བདེན་དོན་གྱི་གནས་ལུགས་ལས་རྙེད་པའི་ཚེ་སྲོག་གི་སྒྲ་དབྱངས་ཁོ་ན་ཡིན། ད་དུང་སྙན་ངག་ལ་སྐྱག་རྫུན་བཤད་ས་ཞིག་གཏན་ནས་ཡོད་མི་སྲིད། གལ་ཏེ་ཕྱོགས་སུ་ལྷུང་གྱུར་ན།། བསྟོད་པར་གྱུར་ཀྱང་སྨད་པའི་གནས་སུ་འགྱུར་འགྲོ་ནི་གཞི་རྩའི་སྙན་ངག་གི་ཁྱད་ཆོས་ངོ་མ་དེ་ཡིན་པར་རྟོགས་དགོས་པ་ནི་ཧ་ཅང་གི་གལ་ཆེན་མ་ཡིན་ནམ། རྒྱུ་མཚན་དེའི་དབང་གིས་ངེས་དོན་གྱི་སྙན་ངག་པ་རྣམས་སྤུ་གྲི་ལྟ་བུའི་སྤྱི་ཚོགས་ཀྱི་སོ་ཁ་ན། གནས་ལུགས་མ་གཏོགས་རྒྱབ་རྟེན་དང་གཏན་གྲོགས་མེད་ལ། དྲང་བདེན་མ་གཏོགས་སྒྱུ་རྩལ་དང་མཛེས་མ་མེད་པ་ནི་སྙན་ངག་པའི་འཇིག་རྟེན་དུ་གྱུར་ཡོད། རུལ་སུངས་ཀྱིས་བསླངས་པའི་སུན་སྣང་དང་འགལ་འདུ་ཡིས་ཁེངས་པའི་ཁེར་རྐྱང་གི་ཚོར་བ་སྐྱུར་མོ་དག མི་ཚོགས་དང་ལྷན་དུ་ཁ་ཟས་བཞིན་དུ་ལོངས་སུ་སྤྱོད་དུས། སྙན་ངག་ལ་མགོ་བདེ་འཁྲབ་ས་དང་ངོ་དགའ་བཤད་ས་གཏན་ནས་མེད། དེར་བརྟེན། ཚེ་སྲོག་གི་འགན་སྲུང་མེད་པའི་སྙན་ངག་ནི་སྙན་ངག་གི་སྙིགས་རོ་ཡིན་པར་ཤེས་དགོས་པ་མ་ཟད། ཟོལ་མེད་ཀྱི་ཡིད་ཀློང་ནས་ཐོན་པའི་བདེན་དོན་གྱི་སྐད་ཆ་ནི་སྙན་ངག་གི་བླ་སྲོག་ཡིན། གནས་ལུགས་དེའི་དབང་གིས་ཁ་ནས་བཤད་པ་ཐམས་ཅད་སྙན་ངག་མིན་ལ། ལག་གིས་བྲིས་ཚད་ཐམས་ཅད་ཀྱང་དེ་བས་སྙན་ངག་ངོ་མ་ཞིག་ཏུ་འགྱུར་ག་ལ་སྲིད། སྙན་ངག་གི་ཉམས་འགྱུར་དང་སྙན་ངག་གི་རིན་ཐང༌། ད་དུང་སྙན་ངག་གི་སྒྱུ་རྩལ་དང་མཛེས་སྡུག་ཡོད་ཚད། ཚེ་སྲོག་གིས་བྲིས་པའི་འཚོ་བའི་བདེན་དོན་ལས་མ་འདས་པས། གནས་ལུགས་ལ་མགོ་བོ་སྒུར་མཁན་གྱི་ཤེས་ལྡན་ཚོ། དྲང་བདེན་གྱི་ཆེད་དུ་ཚེ་སྲོག་འབུལ་མཁན་གྱི་དཔའ་རྒོད་ཚོ། བྱམས་བརྩེ་དང་ཡ་རབས་ཀྱི་ཀུན་སྤྱོད་ལ་བརྩི་བཀུར་ཞུ་མཁན་གྱི་སེམས་བཟང་ཚོ། འདི་ལྟ་བུའི་བསམ་གཞིག་གི་ལམ་དུ་ཞུགས་དུས། སྙན་ངག་པ། གནས་ལུགས་འཚོལ་མཁན་གྱི་མདའ་མོ་ཡིན་ཞིང་། སྙན་ངག་པ། དྲང་བདེན་སྲུང་བའི་ཕོ་ཉ་ཡིན་ལ། སྙན་ངག་པ། བྱམས་བརྩེ་ལས་འཁྲུངས་པའི་གཅེས་ཕྲུག་ཡིན་པས། ཀྱེ། སྙན་ངག་པ། དེའི་ཕྱིར། སྙན་ངག་འབྲི་དུས་སྐྱག་རྫུན་བཤད་མི་རུང་ལ། འཇིགས་རུང་དང་ཚེ་སྲོག་གི་རིན་ལ་ཐུག་ཀྱང༌། གནས་ལུགས་ལ་ཁ་གཏོད་མ་གཅོག སྙན་ངག་པ། སྤྱི་ཚོགས་ཀྱི་ལམ་སྟོན་ཡིན་པས། རྐྱེན་དེའི་དབང་གིས། རྒྱུ་འབྱོར་དང་གོ་ས་རེག་དུས། རྨི་ལམ་གྱི་ཞིང་དུ་མ་ཕེབས། སྙན་ངག་པ། རྒྱུ་འབྲས་ཀྱི་དཔང་པོ་ཡིན་པས། བདེན་རྫུན་གྱི་རྣམ་པར་འབྱེད་དུས། དྲང་བདེན་གྱི་རང་ཚུགས་འཆོར་མི་ཉེན། སྙན་ངག་པ། སྐྱ་རེངས་ཀྱི་འོད་སྣང་བསུ་བའི་ཕོ་ཉ་ཡིན་པས། མུན་ནག་གི་གཡུལ་ས་ནས་དང༌། སྙན་གྲགས་དང་ཕྱོགས་ཞེན་གྱི་ཁྲོམ་ཚོགས་སུའང༌། འདོད་སྲེད་དང་ལྷན་དུ་རང་དབང་མ་རློགས་ཤིག བསླུ་བྲིད་དང་ཟློས་གར་གྱི་གོ་སྐབས་མང་ས་ནས། མགོ་གཉིས་མའི་བག་མར་མ་རྒྱུགས་ཨང་། སྙན་ངག་པ། མི་གཤིས་སྲུང་བའི་དཔའ་རྒོད་ཡིན་པས། བདེན་པ་དང་བདེན་བརྡར་ཏེ་ཡོང་དུས། ཆེན་པོ་ཚོའི་གོམ་ཁ་ན་བཟོ་ལྟ་གཏན་ནས་མ་ཤོར་ཨ།