མེ་སྐྱོན་ཁྲོད་ཁ་བྲལ་བར་དོགས་ཟོན་དགོས་ཟེར།
ཉེ་ལམ་བོད་སྨར་ཁམས་སུ་བྱུང་བའི་མེ་སྐྱོན་བྱུང་ནས་ཟླ་གཅིག་ཙམ་སོང་ཡོད་ཀྱང་ད་དུང་གསོད་མ་ཐུབ་པར། ཛ་དྲག་ཆགས་ཡོད་པ་དང། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཁྲིན་ཆིན་གོས་མེ་སྐྱོན་ལ་འགན་མ་ཁུར་བར། ཁ་བྲལ་བར་དོགས་ཟོན་དགོས་སྐོར་གྱི་བཀའ་རྒྱ་ཞིག་ས་གནས་སུ་བཀྲམ་འདུག
དེ་ཡང་སྨར་ཁམས་རྫོང་གི་ཉེ་འགྲམ་ལྷོ་ར་ཤང་ལྕགས་སོ་སྟེང་ཞེས་པའི་ས་གནས་ཀྱི་རི་རྩེར། ཕྱི་ཟླ་༣ པའི་ཚེས་༡༠ ཡས་མས་ནས་མེ་སྐྱོན་བྱུང་བའི་གནས་ཚུལ་ཐོན་ཡོད་ཀྱང་། ས་གནས་སྲིད་གཞུང་གིས་དུས་ཐོག་མེ་གསོད་ཀྱི་འགན་ལེན་མ་བྱས་པས། མེ་དེ་རིམ་པས་ཉེ་མཁོའི་ནགས་ཚལ་ཁག་ལ་མཆེད་ནས་ད་ཆ་སྨར་ཁམས་ཕྱོགས་སུ་ཡོད་པའི་ནགས་ཚལ་མང་པོ་ཞིག་ཚིགས་ཡོད་འདུག
དེ་ཡང་མེ་སྐྱོན་ཕོག་ཡུལ་ས་གནས་ནས་འབྲོག་པ་ཞིག་གིས་ངོ་སྤྲོད་གནང་དོན། ས་གནས་སྲིད་གཞུང་གིས་ཆབ་མདོ་ནས་མེ་གསོད་རུ་ཁག་གི་རླངས་འཁོར་བཞི་ཙམ་ཆེད་གཏོང་བྱས་ནས། མེ་གསོད་རྒྱུ་བྱས་ཀྱང་དོན་ཕན་མ་བྱུང་བ་མ་ཟད། མེ་སྐྱོན་འདིར་འབྲེལ་ཡོད་རྒྱ་ནག་གཞུང་གི་ས་གནས་དཔོན་རིགས་ཚོས་དུས་ཐོག་ཏུ་དོ་ཁུར་མ་བྱས་པའི་རྐྱེན་ཡིན་སྐོར་འགྲེལ་བརྗོད་བྱས་སོང་།
མུ་མཐུད་ཁོང་གིས་བརྗོད་དོན། མེ་སྐྱོན་བྱུང་མ་ཐག་འབྲོག་པ་མང་ཚོགས་ནས་ས་གནས་སྲིད་གཞུང་ལ་འདི་ལོ་དགུན་ཁ་གངས་ཆར་སོགས་མ་བབས་པའི་རྐྱེན་གྱིས་ས་སྐམ་པོ་ཡིན་པར་བརྟེན། གཞུང་གི་མེ་སྐྱོན་འདི་ལམ་སང་གསོད་ཐབས་མ་བྱས་ཚེ། མེ་སྐྱོན་ཆེན་པོ་ཡོང་རྒྱུ་ཡིན་སྐོར་ཞུས་ཀྱང་། སྲིད་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོས་ཡ་ལན་གཏན་ནས་བྱས་མེད་སྐོར་བློ་ཕམ་དང་བཅས་འགྲེལ་བརྗོད་བྱས་སོང་།
ད་ཆ་ས་གནས་འབྲོག་པ་ཚོ་ས་ཁུལ་གཞན་ལ་གནས་སྤོས་བྱ་དགོས་བྱུང་ཡོད་འདུག་ལ། གནས་ཚུལ་ཡོང་ཁུངས་ལ་གཞིགས་ན། མེ་སྐྱོན་འདི་སྨར་ཁམས་ཀྱི་ས་འབྲེལ་ཆབ་མདོ་དང་། གོ་འཇོ། བྲག་གཡབ་སོགས་རྫོང་ཁག་མང་པོ་ཞིག་ལ་ཁྱབ་གདལ་འགྲོ་བཞིན་པ་དང། དེའི་སྐོར་སྨར་ཁམས་རྫོང་གི་ཤིང་ནགས་ལས་ཁུངས་ཀྱིས་བཤད་དོན་ལ་ད་ལྟ་ས་གནས་སྲིད་གཞུང་གིས་མེ་གསོད་ཀྱི་ཐབས་ཤེས་གང་ཡོད་བྱེད་བཞིན་པ་དང་། གཞུང་གི་མེ་སྐྱོན་ལ་རྟོག་ཞིབ་ཆེད་བོད་རང་སྐྱོང་ལྗོངས་དང་ཆབ་མདོ་ཁུལ་ནས་འབྲེལ་ཡོད་དཔོན་རིགས་ས་གནས་ལ་འབྱོར་ཡོད་པ་དང་། བཅིངས་འགྲོལ་དམག་དཔུང་དང་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་གང་ཐུབ་ཀྱི་ལས་འགུལ་སྤེལ་བཞིན་ཡོད་ལུགས་བརྗོད་འདུག
མེ་སྐྱོན་འདི་ཐོག་མ་འབྱུང་རྐྱེན་སྐོར་སྨར་ཁམས་རྫོང་ཉེན་རྟོག་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཝང་གིས་བཤད་དོན། མེ་འདི་དང་པོ་ཁྲིམས་འགལ་གྱི་ཐོག་ནས་རིར་རྔོན་རྒྱག་མཁན་ཁ་ཤས་ཀྱིས་མེ་སྤར་བ་ཡིན་ཚུལ་དང་། རྔོན་པ་མི་བཞི་འཛིན་བཟུང་བྱས་ནས་ད་ལྟ་བཙོན་ཁང་ནང་ཡོད་སྐོར་དང་། དེ་ཚོའི་ནང་རྒྱ་མི་གསུམ་དང་དཀར་མཛེས་ཁུལ་ནས་ཡིན་པའི་བོད་རིགས་གཅིག་བཅས་ཡོད་སྐོར་འགྲེལ་བརྗོད་བྱས་འདུག
ཉེ་ཆར་ཕྱི་ཟླ་༤ ཚེས་༡ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོར་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཁྲིན་ཆིན་གའོ་ཟེར་བས། བཀའ་རྒྱ་དོན་ཚན་༧ ཅན་ཞིག་སྨར་ཁམས་ཕྱོགས་སུ་བཏང་ཡོད་པ་དང་དེའི་ནང་དམག་མི་དང་། དྲག་ཆས་ཉེན་རྟོག་པ། ཡུལ་དམག། ས་གནས་ཡུལ་མི་བཅས་ཚང་མས་མཉམ་རུབ་ཀྱི་མེ་གསོད་ཀྱི་ལས་དོན་ཁག་ཛ་དྲག་ངང་སྤེལ་དགོས་པ་དང་ཆབས་ཅིག ས་ཁུལ་བརྟན་ལྷིང་གི་ལས་དོན་ལ་ལྷོད་ཡང་མེད་པ་དགོས་གལ་ཆེ་ཚུལ་བཤད་འདུག ད་དུང་ཁོ་པའི་བཀའ་རྒྱའི་ནང་ས་ཁུལ་བརྟན་ལྷིང་གི་ལས་དོན་ལ་དོ་ཁུར་མ་བྱུང་ཚེ། མེ་སྐྱོན་གྱི་གོ་སྐབས་འདི་བཟུང་སྟེ་ཁ་བྲལ་རིང་ལུགས་པ་ཚོས། གཏམ་འཆལ་དང་འུར་སྒྲ་བསྒྲགས་ཏེ་ཟིང་ཆ་སློང་རྒྱུ་སོགས་ཡོང་སྲིད་པར་གཟབ་གཟབ་བྱ་དགོས་སྐོར་བཀོད་ཡོད་པ་རེད།
མེ་སྐྱོན་འདི་ད་ཆ་སྨར་ཁམས་དང་འདབས་འབྲེལ་གྱི་ས་ཆ་མང་པོ་ཞིག་ལ་ཁྱབ་བཞིན་ཡོད་པ་མ་ཟད། ཁུལ་དེར་གནས་པའི་མི་མང་ཚོས་ས་གནས་རྫོང་གིས་མེ་སྐྱོན་བྱུང་མ་ཐག་བདག་སྤྲོད་མ་གནང་བས་བློ་ཕམ་གྱི་རྣམ་པ་ཡང་སྟོན་བཞིན་འདུག །
གནས་ཚུལ་མཁོ་གཏོང་བ་གོ་བོ་བསོད་ནམས་སེང་གེ།