རྒྱལ་ཁབ་ཀྱི་མིང་བྱང་ནི་གཏོར་བཤིག་དང་ནག་ཉེས་ཀྱི་འབྱུང་ཁུངས་ཡིན།
དེ་རིང་རྩོམ་ཡིག་འདིའི་ལམ་ནས་གླེང་འདོད་པ་ནི་རྒྱལ་ཁབ་ཀྱི་མིང་བྱང་ལས་འཕྲོས་ཏེ་སའི་གོ་ལ་འདིའི་སྣོད་བཅུད་ཀུན་ལ་ཡ་ང་བའི་ཕམ་ཁ་དང་འཇིགས་སུ་རུང་བའི་གཏོར་བཤིག ད་དུང་བློ་ཡུལ་ལས་འདས་པའི་ནག་ཉེས་ཇི་ཙམ་བསགས་ཡོད་མེད་གྱི་སྐོར་དང་། དེ་དག་ལས་ང་ཚོ་མི་རབས་གསར་པ་ཚོས་ཁ་ཕྱོགས་ཇི་ལྟར་འཚོལ་འཛིན་བྱེད་དགོས་མིན་ཐད་ལ་གནད་དོན་ཅན་གྱི་རྩོམ་དུམ་ཞིག་ཡིན།
མདོར་ན་རྒྱལ་ཁབ་ཀྱི་མིང་བྱང་འདིས་འགྲོ་བ་མིའི་བཟང་སྤྱོད་ཀྱི་འདུ་ཤེས་དུ་མ་ཞིག་ཉམས་རྒུད་དུ་ཇི་ལྟར་བཏང་ཡོད་པའི་སྐོར་དེ་ཡིན། རྒྱུ་འབྲས་ཀྱི་ཆོས་ཉིད་ལ་དཔྱོད་ཤེས་ཀྱིས་ཡིད་རྟོན་བཅོལ་ཏེ། དྲང་བདེན་གྱི་གནས་ལུགས་ལ་འཕྲལ་ཕུགས་ཀུན་ཏུ་རྒྱལ་ཁ་བསྟབ་དགོས་པ་ནི་འགྲོ་བ་མིའི་སྤྱོད་བཟང་གི་ལེགས་བྱང་ངོ་མ་དེ་ཡིན།
དུས་རབས་གསར་པའི་གཞོན་སྐྱེས་ཚོ་དུས་རབས་འདི་དང་གཏན་ནས་ཁ་འབྲལ་ཐབས་མེད་པའི་ཆ་ཤས་གལ་ཆེན་ཞིག་ཡིན་སྟབས། འཛམ་གླིང་འདིའི་དཔལ་ཡོན་འདྲ་མིན་གྱི་སྟོབས་ཤུགས་སྣ་ཚོགས་ལ་བརྟེན་ནས་འགྲོ་བ་མིའི་ལྷན་སྐྱེས་ཀྱི་བསམ་སྤྱོད་ཡོངས་རྫོགས་འགྱུར་ལྡོག་འགྲོ་བཞིན་པའི་གནད་དོན་རྣམས་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་གདོང་ལེན་བྱེད་ཐབས་བྱ་དགོས་པ་དང་། འདི་ལྟར་སྤྱི་ཚོགས་ལ་ཡ་ང་བའི་འཕོ་འགྱུར་སྣ་ཚོགས་འགྲོ་བཞིན་པ་ལས་ཇི་ལྟར་སྐྱོབ་ཐུབ་མིན་དེ་ཤེས་ཡོན་དང་དྲང་བདེན་གྱི་ཀུན་སྤྱོད་ལ་རག་ལས་ཡོད། དེ་དག་གི་ཆེད་དུ་གཞོན་སྐྱེས་ཚོས་ཆ་ཤས་དངོས་སུ་བླངས་ཏེ་མ་འོངས་ཁ་ཕྱོགས་ཀྱི་ཐད་ལ་ངེས་པར་དུ་འགན་འཁྲི་ཕྲག་ཏུ་བཞེས་ཕོད་པའི་བསམ་གཞིག་དང་སྤོབས་པ་དགོས་ལ། ལྷག་པར་དུ་རིས་གཅོད་ཅན་གྱི་རྒྱལ་ཞེན་གྱི་བསམ་བློ་ཡོངས་སུ་དོར་ནས་གོ་ལ་གཅིག་གྱུར་གྱི་འདུ་ཤེས་དང་སྤྱི་ཕན་སེམས་ཁུར་གྱི་འདུ་ཤེས་རྣམས་རྒྱ་ཁྱབ་ཏུ་བསྐྲུན་ཐབས་བྱེད་དགོས་པ་འདི་རེད་སྙམ
།
འདི་ལྟར་བསམ་གཞིག་བྱེད་དུས་འདས་ཟིན་པའི་གོ་ལ་ཟླུམ་པོའི་ལོ་རྒྱུས་ལས་དངོས་ཡོད་ལེགས་ཉེས་ཅི་བྱུང་གི་གནས་ཚུལ་ངོ་མ་ལ་བསྐྱར་ཞིབ་དང་དྲན་གསོ་མི་བྱེད་ཀ་མེད་རེད། རིས་གཅོད་དང་རྒྱལ་ཞེན་ངན་པ་ཞིག་གིས་རྒྱལ་ཁབ་ཀྱི་མིང་བྱང་གསར་དུ་བཟོས་པ་ནས་བཟུང་། འགྲོ་བ་མིའི་བཅོས་མིན་གྱི་ནུས་པ་དང་རང་བྱུང་གི་གནས་བབ་ལས་རིང་དུ་བརྒལ་ཏེ་འདོད་ཧམ་གྱིས་ཕྱོགས་འཛིན་དང་མཆོག་དམན་སོགས་ཀྱི་མིང་བཏགས་ནས་དབྱེ་འབྱེད་ཀྱི་ས་མཚམས་རབས་དང་རིམ་པ་མང་པོར་བགོས་ཤིང་། འགྲོ་བ་མིའི་སྤྱི་ཚོགས་དངོས་ཀྱི་གནས་བབ་ལ་བསམ་ཡུལ་ལས་འདས་པའི་ཕམ་ཉེས་དང་ཤིན་ཏུ་བཟོད་དཀའ་བའི་བརྡབ་གསིག་གྲངས་ལས་འདས་པ་ཞིག་ཐེབས་ཡོད་པའི་ནག་ཉེས་ཡོད་ཚད། ང་ཚོས་མིག་མཐོང་ལག་ཟིན་ཡིན་པ་དང་དེ་དག་གུ་ཡངས་ཅན་གྱི་བསམ་གཞིག་གི་ལམ་ནས་ངེས་པར་དུ་ངོ་ལེན་མི་བྱེད་ཐུ་མེད་རེད་ལ། ངོ་ལེན་བྱེད་ཕོད་པའི་སྙིང་སྟོབས་བརྟན་པོ་ཞིག་ཅིས་ཀྱང་དགོས་ངེས་ཡིན། ད་བར་རྒྱལ་ཁབ་སོ་སོར་དཔལ་ཡོན་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཕེལ་རྒྱས་སུ་འགྲོ་བ་དང་མཉམ་དུ་འདོད་ཧམ་སྒེར་གཅོད་དང་རུལ་སུངས་མཁྲེགས་འཛིན་གྱི་འདུ་ཤེས་ཇེ་ཆེ་དང་ཇེ་བརྟན་དུ་གྱུར་པའི་དབང་གིས་འགྲོ་བ་མིའི་ལོ་རྒྱུས་ནང་སྨྲ་བསམ་བརྗོད་དུ་མེད་པའི་ཕམ་ཉེས་དང་མི་གསོད་ཁྲག་སྦྱོར་གྱི་བྱ་ངན་གྲངས་ལས་འདས་པ་ཞིག་བྱུང་ཡོད། ཡ་ང་བའི་གནས་ཚུལ་དེ་དག་རྒྱུ་རྐྱེན་གང་ལ་བརྟན་ནས་བྱུང་བ་རེད་ཅེ་ན། སྤྱིར་ལོ་རྒྱུས་བྱུང་འཕེལ་གྱི་གནས་ལ་དཔྱོད་ཞིབ་པ་རྣམས་ཀྱི་འདོད་ཚུལ་མི་འདྲ་བ་མང་དུ་ཡོད་ཀྱང་། དངོས་བྱུང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་བདེན་ཁ་བྱིན་ཏེ་ཞུས་ན། ཕྱོགས་ལྷུང་དབྱེ་འབྱེད་ཀྱི་ལྟ་བ་དང་། མི་རིགས་རིང་ལུགས་ཀྱི་འདུ་ཤེས། ད་དུང་སྒེར་གཅོད་མཆོག་དམན་གྱི་འདུ་ཤེས་མཁྲེགས་པོ་དག་གིས་བཟོས་པ་རེད།
གནད་དོན་འདིའི་ཐད་ལ་དེང་དུས་གཞོན་སྐྱེས་རྣམས་ཀྱིས་རྒྱལ་ཁབ་ཅེས་པའི་མིང་བྱང་ཙམ་ལ་རྒྱུ་མཚན་དུ་མ་བྱས་པར་འཕྲལ་ཕུགས་རྒྱང་གསུམ་ལ་བསམ་གཞིག་ནན་མོར་བྱས་ཏེ་གོ་ལ་གཅིག་གྱུར་གྱི་འདུ་ཤེས་བསྐྲུན་ཐབས་དགོས་པ་ཧ་ཅང་གལ་གནད་ཅན་ཞིག་ཡིན་པར་ཤེས་དགོས། དོན་དངོས་ཐོག་ཆེས་ཐོག་མར་འགྲོ་བ་མི་བྱུང་བ་ནས་བཟུང་གོ་ལ་འདི་ལ་ས་མཚམས་ཀྱི་དབྱེ་འབྱེད་གཏན་ནས་མེད་ལ། མི་རིགས་དཀར་ནག་དང་རིགས་རུས་མཆོག་དམན་ཤར་ནུབ་སྒེར་གཅོད་ཀྱི་དབྱེ་འབྱེད་དེ་བས་ཀྱང་ག་ལ་ཡོད། དེ་ལྟར་དབྱེ་འབྱེད་མེད་པ་ལ་དབྱེ་འབྱེད་བྱས་ཤིང་དེ་ལྟར་བྱེད་དགོས་པར་རྒྱུ་མཚན་ཡང་དག་གི་གནས་ལུགས་ཤིག་ད་ལྟའི་བར་དུ་སུས་ཀྱང་གཏན་ནས་རྙེད་མེད་ལ་བཙལ་ཀྱང་རྙེད་མི་སྲིད་པ་ནི་ཆོས་ཉིད་རེད། ཕྱོགས་ཞེན་དང་སྒེར་སེམས་གཅེས་འཛིན་དང་ངན་སེམས་ཀྱི་འདུ་ཤེས་དབང་གིས། འདོད་རྔམ་ཆེ་བའི་སྔོན་གྱི་རྒྱལ་བློན་དུ་མ་དང་སྐྱེ་འགྲོ་ཀུན་ལ་རིས་མེད་ཀྱི་བྱམས་བརྩེ་དང་ཀུན་ཕན་གྱི་འདུ་ཤེས་མེད་ཀྱང་། མི་རིགས་ཀྱི་དཔའ་བོར་རློམ་པའི་ཧོལ་རྒྱུག་པ་དག་གིས་ས་མཚམས་མེད་པ་ལ་ས་མཚམས་ཆ་བགོས་གསར་དུ་བྱས་པ་དང་མི་རིགས་དབྱེ་འབྱེད་མེད་པར་དཀར་ནག་སོགས་ཀྱི་དབྱེ་འབྱེད་འདྲ་མིན་བྱས་ཏེ། བྲན་གཡོག་བཀོལ་སྤྱོད་དང་རྒྱལ་སྲུང་ཕར་རྒོལ། མཁར་དབང་རྒྱ་བསྐྱོད་དང་གཉའ་གནན་བཤུ་གཞོག མཆོག་དམན་མཁྲེགས་འཛིན་དང་རྡུང་རྡེག་འཕྲོག་བཅོམ། བརྙས་བཅོས་འདྲ་མིན་སོགས་མདོར་ན་རྒྱལ་ཁབ་ཅེས་པའི་མིང་བྱང་སྐམ་པོ་ཞིག་གི་ཆེད་དུ་བསམ་ཡུལ་ལས་འདས་པའི་མི་གསོད་ཁྲག་སྦྱོར་གྱི་ལས་ངན་ནམ་མཁའི་སྐར་ཚོགས་དང་གྲངས་མཉམ་ཞིང་། གངྒྭའི་བཞུར་རྒྱུན་ལས་ངང་རིང་བའི་འཐབ་རྩོད་འདི་དག་འགྲོ་བ་མིའི་ལྷན་སྐྱེས་ཀྱི་གནས་བབ་དངོས་དང་གཏན་ནས་མི་མཚུངས་པའི་ལམ་དང་ལུགས་སྲོལ་མང་པོ་ཞིག་རབས་དང་རིམ་པ་གསར་བཟོ་བྱས་ཏེ། གྲལ་རིམ་གྱི་དབང་བསྒྱུར་ཚད་མེད་བྱས་ཡོད་པ་རྣམས་ཇི་འདྲའི་བཟོད་དཀའ་བའི་བྱ་སྤྱོད་ཅིག་རེད་ཨང་།
དེ་ལྟར་ལོག་ལམ་དུ་ཁྲིད་མཁན་རྒྱལ་བློན་རྣམས་ཀྱིས་འགྲོ་བ་མིའི་ལོ་རྒྱུས་ནང་ནག་ཉེས་རིམ་པས་བསགས་ཏེ་ད་བར་ནད་ཡམས་ཀྱི་གྲིབ་གཟུགས་གཏན་ནས་ཡལ་མྱོང་མེད། ང་ཚོས་དེ་དག་ལས་ཉམས་མྱོང་ཕྱོགས་སྡོམ་དང་ཁ་ཕྱོགས་གསར་པ། ལྷག་པར་དུ་དཀའ་སྡུག་དེ་དག་གི་ཁྲོད་ནས་ལེགས་སྤེལ་ཉེན་འགོག་བྱེད་ཆེད་ལྡོག་ཕྱོགས་ནས་ལེགས་ཆ་དང་ཉམས་མྱོང་མང་པོ་ཞིག་བསགས་ཐུབ་ཡོད་ཀྱང་། སེམས་སྐྱོ་བ་ཞིག་ལ་འདས་ཟིན་པའི་ཕམ་ཉེས་ཆེན་པོ་དེ་དག་ལ་དེ་ཙམ་གྱིས་ང་ཚོས་ནམ་ཡང་སྔར་གྱི་ཕམ་ཁ་ཡོད་ཚད་ལ་ཁ་གསབ་གཏན་ནས་བྱེད་མི་ཐུབ་པ་དེ་རེད། དེ་ཡང་ཉེ་བའི་དུས་རབས་ཉི་ཤུ་ཁོ་ན་ལ་གཞིགས་ན་ཡང་།རྒྱལ་ཁབ་ཕན་ཚུན་དམག་འཁྲུག་ཁོ་ནའི་ཁྲོད་དུ་ཁྱོན་སྡོམ་མི་གྲངས་དུང་ཕྱུར་གཅིག་དང་བྱེ་བ་བདུན་<༡༧༠༠༠༠༠༠༠>ལྷག་ཙམ་དམར་གསོད་བཏང་ཡོད་པ་ལོོ་རྒྱུས་སྨྲ་བ་རྣམས་ཀྱི་ཟིན་ཐོ་རུ་བཀོད་ཡོད་འདུག དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཞིབ་འཇུག་པ་ཁག་ཅིག་གི་སྡོམ་ཚིག་ལྟར་ན། Joseph Stalinགྱིས་མི་གྲངས་བྱེ་བ་བཞི་དང་ས་ཡ་གཉིས་འབུམ་དྲུག་ཁྲི་བདུན་དང་སྟོང་གཉིས་<༤༢༦༧༢༠༠༠>ལྷག་ཙམ་དམར་གསོད་བྱས་ཡོད་པ་དང་། Mao Tse Tungགིས་མིི་གྲངས་བྱེ་བ་གསུམ་དང་ས་ཡ་བདུན་འབུམ་བརྒྱད་ཁྲི་གཉིས་དང་སྟོང་བརྒྱད་<༣༧༨༢༨༠༠༠>ལྷག་ཙམ་དམར་གསོད་བཏང་ཡོད་པ་དང་། Adolf Hitlerགྱིས་མི་གྲངས་བྱེ་བ་གཉིས་དང་འབུམ་དགུ་ཁྲི་བཞི་དང་སྟོང་དྲུག་<༢༠༩༤༦༠༠༠>ལྷག་ཙམ་དམར་གསོད་བཏང་ཡོད་པ་བཅས་ཤིན་ཏུ་སྡུག་རྩུབ་ཆེ་བའི་ལག་དམར་བ་དེ་གསུམ་ཁོ་ནས་འཛམ་གླིང་ཤར་ནུབ་ཀྱི་མི་གྲངས་དུང་ཕྱུར་གཅིག་དང་ས་ཡ་གཅིག་འབུམ་བཞི་ཁྲི་བཞི་དང་སྟོང་དྲུག་<༡༠༡༤༤༦༠༠༠>ལྷག་ཙམ་དོན་མེད་དམར་གསོད་བཏང་ཡོད་པ་རེད། དེ་ཉིད་ལོ་བརྒྱ་ཡི་ནང་དུ་ལོ་རེ་བཞིན་ཆ་མཉམ་མི་གྲངས་༣༣༨༡༥༣༣༣ལྷག་ཙམ་རེ་བསད་ཡོད་པ་དང་ཉིན་ལྟར་མི་གྲངས་༢༧༧༩ལྷག་ཙམ་དམར་གསོད་བཏང་ཡོད་པ་རེད། གལ་ཏེ་མི་གསོད་ཁྲག་སྦྱོར་གྱི་དམག་འཁྲུག་དེ་དག་གིས་རྒྱལ་ཁབ་སོ་སོ་ལ་བདེ་སྐྱིད་ངོ་མ་ཞིག་དང་ངེས་དོན་གྱི་རྒྱལ་ཁ་ཞིག་ཐོབ་ཡོད་ན་དེ་གས་འགྲིགས་ཀྱང་། དེ་འདྲ་བའི་མིག་དཔེ་བཟང་པོ་ཞིག་གཏན་ནས་བཞག་མྱངས་མེད་ལ་ནམ་ཡང་གཞག་མི་སྲིད་པ་ཞིག་རེད། གོང་གི་མི་གསོད་ཁྲག་སྦྱོར་དེ་དག་མཐར་གཏུགས་ན་མི་རིགས་དབྱེ་འབྱེད་དང་རིག་གནས་དབྱེ་འབྱེད་ས་མཚམས་ཆ་བགོས་བཅས་ཀྱི་རྒྱུ་རྐྱེན་ལས་བྱུང་བ་ཤ་སྟག་རེད་ཅེས་བཤད་ཆོག
འདི་ལྟར་ནོམ་བསམ་གཏོང་དུས་དེ་སྔོན་འགྲོ་བ་མིའི་ལོ་རྒྱུས་བྱུང་མ་མྱོང་བའི་མི་གསོད་ཁྲག་སྦྱོར་གྱི་དམག་འཐབ་འཇིགས་སུ་རུང་བ་དེའང་དུས་རབས་ཉི་ཤུ་པའི་ནང་དུ་བྱུང་བ་རེད། དེ་ཡང་འཛམ་གླིང་དམག་ཆེན་ཐེངས་དང་པོ་དེ་སྤྱི་ལོ་༡༩༡༤ནས་༡༩༡༨བར་བྱུང་ཞིང་། དམག་ཆེན་དང་པོའི་རྐྱེན་རྩ་སློང་མཁན་གཙོ་བོ་དེ། འཇར་མན་དང། དབྱིན་ཇི། ཧྥ་རན་སི་སོགས་ཚུད་ཡོད་པ་རེད། རྗེས་སུ་རིམ་པས་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་མང་པོ་ཞིག་དམག་འཐབ་དེའི་ནང་ཞུགས་ཡོད་འདུག འཛམ་གླིང་དམག་ཆེན་དང་པོའི་ནང་ཁྱོན་བསྡོམས་མི་གྲངས་ས་ཡ་བཅུ་ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་ས་ཡ་ཉི་ཤུ་ལྷག་ཙམ་དབང་པོ་སྐྱོན་ཅན་དུ་གྱུར་པ་རེད། འཛམ་གླེང་དམག་ཆེན་གཉིས་པ་དེ་སྤྱི་ལོ་༡༩༣༩ལོ་ནས་༡༩༤༥ལོའི་བར་ལ་བྱུང་བ་ཞིག་ཡིན། དམག་ཆེན་གཉིས་པ་དེ་ནི་ནུབ་ཕྱོགས་རྒྱལ་ཁབ་ཙམ་མིན་པར་ཨེ་ཤེ་ཡའི་ནང་དུའང་དམག་འཁྲུག་ཤུགས་ཆེན་པོ་བྱུང་ཡོད་པ་དང། དེ་ཡང་ཨ་རི་གཙོས་ནུབ་པྱོགས་རྒྱལ་ཁབ་ཁག་ལ་ཉི་ཧོང་གིས་ངོ་རྒོལ་ཁ་གཏད་ཀྱིས་དམག་འཐབ་བྱས་ཡོད་པ་དང། དེ་ནས་ཨེ་ཤེ་ཡའི་ནང་དུ་དམག་ཆེན་གཉིས་པ་སྣ་འདྲེན་བྱེད་མཁན་གཏེ་བོ་དེ་ཨ་རི་དང་ཉི་ཧོང་གཉིས་ཡིན་པར་མངོན། འཛམ་གླིང་དམག་ཆེན་གཉིས་པའི་ནང་དུ་རགས་རྩིས་ལྟར་ན་མི་གྲངས་ས་ཡ་ལྔ་བཅུ་ལྷག་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་རེད་བཅས་འཛམ་གླིང་ལོ་རྒྱུས་དེབ་ཐེར་ནང་དུ་འཁོད་ཡོད་པ་དེ་ཨ་རི་དང་དེའི་མི་དམངས་ཞེས་པའི་ལོ་རྒྱུས་ཀྱི་དེབ་ཐེར་ནང་དུ་ཅུང་གསལ་བོར་བྲིས་འདུག་ནའང་དམག་ཆེན་གཉིས་པའི་སྐོར་གྱི་ལོ་རྒྱུས་དེ་ཤིན་ཏུ་རྙོག་འཛིང་ཅན་ཞིག་ཡིན་སྐད། དམག་ཆེན་དེ་གཉིས་ཀྱི་རིང་ལ་ཤིན་ཏུ་གདུག་རྩུབ་ཅན་གྱི་གོ་མཚོན་གསར་པ་འབོར་ཆེན་ཞིག་རང་རྒྱལ་གཞན་ཕམ་གྱི་ཆེད་དུ་བེད་སྤྱོད་བཏང་ནས་མི་མང་གི་ཚེ་སྲོག་ལ་དོན་མེད་ཁྲག་གི་འཁོར་ལོ་ཡང་ཡང་བསྐོར་འདུག་པ་བཅས་ནི་རྒྱལ་ཁབ་ཀྱི་མིང་བྱང་ལས་བྱུང་བའི་གསུབ་ཏུ་མེད་པའི་ནག་ཉེས་དང་གཏོར་བཤིག་ཅིག་ཏུ་གྲུབ་འདུག་པ་མ་ཡིན་ནམ། དེ་ལྟར་འགྲོ་བ་མིའི་བཟང་སྤྱོད་དང་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་མ་འདང་པའི་དབང་གིས་ཡ་ང་བའི་གནས་ཚུལ་སྐྱུག་བྲོ་བ་དེ་དག་བྱུང་བ་ཡིན་པར་སྣང། དེས་ན་མི་རབས་གསར་པའི་ལས་འགན་ནི་རྒྱལ་ཁབ་བམ་རིག་གནས་བྱེ་བྲག་པ་ཞིག་གི་ཆེད་དུ་གཏན་ནས་མིན་པར། གོ་ལ་གཅིག་ལ་རྒྱལ་མཚམས་གཅིག་དང་མི་རིགས་གཅིག་གི་འདུ་ཤེས་ཡང་དག་པ་ཞིག་བསྐྲུན་ཐབས་བྱེད་དགོས་པ་འདི་རེད།
གོ་ལ་གཅིག་གྱུར་མིན་པའི་འདུ་ཤེས་ཀྱི་དབང་གིས་རྒྱལ་ཁབ་དང་ས་མཚམས་ཀྱི་དབྱེ་འབྱེད་བྱུང་ཞིང་། མི་རིགས་གཅིག་གྱུར་མིན་པའི་འདུ་ཤེས་ཀྱི་དབང་གིས་མི་རིགས་དཀར་ནག་དང་མཆོག་དམན་གྲལ་རིམ་གྱི་འཐབ་རྩོད་ཡ་ང་བ་དེ་དག་བྱུང་བ་ཡིན་པར་རྩོད་མེད་དངོས་བྱུང་གི་ལོ་རྒྱུས་ཀྱིས་ང་ཚོ་ལ་བདེན་དཔང་ཡང་ཡང་བྱེད་ཀྱི་ཡོད། སྐྱུག་བྲོ་བའི་མིི་རིགས་ཀྱི་ལོོ་རྒྱུས་དེ་དག་ང་ཚོའི་མིག་མདུན་ནས་མཐོང་བཞིན་དུ་ད་དུང་ནག་ཉེས་ངོ་ལེན་མ་ཕོད་པ་ནི་མི་རིགས་ཀྱི་སྤྱི་ཚོགས་ནང་དུ་ཧ་ཅང་ཉེན་ཁ་ཆེ་བའི་སྐྱོན་ཆ་ཞིག་ཆགས་ཡོད། སྒེར་སེམས་དང་ཕྱོགས་རིས་ཀྱི་རལ་གྲི་རྣོ་དྲགས་པ་དང་། དབྱེ་འབྱེད་དང་མཁྲེགས་འཛིན་གྱི་ལྟ་བའི་དྲི་ངན་མཐུག་དྲགས་པས། ང་ཚོ་བདེན་པས་ཕམ་སོང་ལ་བརྫུན་པས་བསླུས་སོང་། ང་ཚོ་རང་རྒྱལ་གཞན་ཕམ་དང་ཁྱེད་ཤི་ང་གསོན་གྱི་མུན་ནག་གི་གཡང་ས་ལས་གཏན་དུ་ཐར་ཐུབ་མེད། དོན་དངོས་ཐོག་འཛམ་གླིང་ཞི་བདེ་ཟེར་བ་དེ་རྙོག་གྲ་མེད་པའི་དོན་དུ་མིན་པར་འདས་པའི་དུས་རབས་རྣམས་སུ་འགྲོ་བ་མི་ཚོས་ང་ཚོ་དང་ཁྱེད་ཚོ་ཞེས་དབྱེ་མཚམས་ཕྱེད་ཀྱི་ཡོད་པའི་ལྟ་ཚུལ་དེ་རིགས་ད་ཆ་དུས་ལས་ཡོལ་ཟིན་པ་མ་ཟད་ནོར་འཁྲུལ་ཚབས་ཆེན་བྱུང་དང་འབྱུང་བཞིན་ཡོད་པ་ཤེས་རྟོགས་དགོས་པ་དང་། ད་ཆ་ང་ཚོ་ཞེས་འཛམ་གླིང་གི་མི་ཚང་མ་གཅིག་གྱུར་ཡིན་བསམ་པའི་འདུ་ཤེས་ཟབ་མོ་ཞིག་ངེས་པར་དུ་འཛིན་ཐུབ་དགོས་ལ། དེ་ལྟར་ཡོང་བར་ཐོག་མར་མི་སྒེར་སོ་སོར་དེའི་འཆར་སྣང་དང་ཐབས་ལམ་སོགས་ཀྱི་བསམ་ཚུལ་ཤུགས་ཆེན་དགོས་པ་དང་། ཤེས་ཡོན་སྤུས་ཚད་མཐོ་འདེགས་དང་ཤེས་ཡོན་དེའི་ཐོག་ཀུན་ཁྱབ་བྱམས་བརྩེའི་བསམ་བློ་བསྐྲུན་ཐབས་དང་། ཤེས་ཡོན་དེ་ཡང་རྣམ་པ་ཀུན་ཏུ་མཐུན་ཕྱོགས་སུ་བེད་སྤྱོད་གཏོང་ཐུབ་མིན་དེ་ཡང་ཀུན་ཕན་གྱི་བསམ་སྤྱོད་ཡོད་མེད་བཅས་ལ་རག་ལས་ཡོད། ཀུན་ཕན་གྱིི་བྱམས་བརྩེ་ཟེར་དུས་ཆོས་ལུགས་བྱེ་བྲག་པ་ཞིག་གི་སྐད་ཆ་ལྟ་བུ་གཏན་ནས་མིན་པར་དེ་དག་འགྲོ་བ་མིའི་རིན་ཐང་ངོ་མ་དང་། གཞི་རྩའི་ཐུན་མིན་གྱི་སྟོབས་ཤུགས་ཤིག་ཡིན་པ་ཤེས་རྟོགས་ཐུབ་དགོས་པ་ནི་འཛམ་གླིང་གི་བླ་ན་མེད་པའི་དབུ་ཁྲིད་རྣམ་པའིི་གསུང་འཕྲིན་ལྟར་ཡིན།
གནད་དོན་འདི་རིགས་ལ་བསྐྱར་ཞིབ་བྱེད་དུས་གནའ་བོ་རྒྱལ་སྲས་སེམས་དཔའ་ཆེན་པོ་རྣམས་ཀྱི་དགོངས་པ་བཞེས་སྟངས་དེ་ཧ་ཅང་རླབས་ཆེན་ཞིག་ཡིན་པར་ར་སྤྲོད་བྱེད་ཐུབ། དེ་བཞིན་ལོ་རྒྱུས་ལ་ཕྱིར་མིག་བལྟས་ན། དེ་སྔོན་རྒྱལ་ཁབ་སོ་སོར་ཤེས་ཡོན་སྲིད་བྱུས་ཀྱི་ཁ་ཕྱོགས་དེ་དག་འཕྲལ་ཕུགས་རྒྱང་གསུམ་གྱི་དགེ་མཚན་ལ་ཆེར་མ་གཞིགས་པར། རྒྱལ་ཁབ་རང་རང་གི་དམིགས་བསལ་རིག་གནས་ཀྱི་ཁྱད་ཆོས་ཁོ་ནར་དམིགས་འཛུགས་ཀྱིས་ཤེས་ཡོན་སྤྲོད་རྒྱུའི་ལམ་སྲོལ་ཞིག་ཡོད་པའི་དུས་ཚོད་དེ་ད་ཆ་དུས་ལས་ཡོལ་ཟིན་པ་དང་། བཟང་སྤྱོད་དེ་གཞི་རྩའི་འགྲོ་བ་མི་རིགས་ཀྱི་གནས་བབ་ཧ་ཅང་གལ་ཆེན་ཡིན་པ་དེ་ཉིད་ཕྱི་མོར་བྱས་ཏེ། ད་ཆ་འཛམ་གླིང་གི་སློབ་ཕྲུག་ཡོངས་ལ་ང་ཚོའི་འཛམ་གླིང་དང་འགྲོ་བ་མི་རིགས་ཞེས་སྤྱི་ཡོངས་ཀྱི་བསམ་སྤྱོད་ཐོག་ནས་སློབ་སྦྱོང་དང་སློབ་གསོ་སྤྲོད་རྒྱུ་དེ་རིགས་གལ་ཆེན་ནང་གི་དོན་ཆེན་ཆགས་ཡོད་པའི་སྐོར་ལ་བསམ་གཞིག་མང་ཙམ་གཏོང་དགོས་རྒྱུ་དེ་དེང་དུས་གཞོན་སྐྱེས་རྣམས་ཀྱི་འོས་འགན་ཆགས་ཡོད། དེ་ལྟར་ཉམས་ཞིབ་དང་རྒྱུ་མཚན་ལ་གཞི་བཅོལ་ཏེ་འགྲོ་བ་མིའི་ལེགས་བྱང་དར་སྤེལ་གཏོང་སླད་སེམས་ཚོར་དང་འཆར་སྣང་ཤུགས་ཆེན་ལྡན་པའི་ལས་འགུལ་བརྩམ་རྒྱུ་དེའང་གལ་གནད་ཅན་ཞིག་མ་ཡིན་ནམ། དེ་ལྟར་བུའི་དངོས་བྱུང་གི་ལོ་རྒྱུས་གསོན་པོ་རྣམས་རྒྱབ་ལྗོངས་སུ་བྱས་ཏེ་ང་ཚོས་ཡང་དག་པའི་མདུན་ལམ་གསར་པ་ཞིག་འཚོལ་ཞིབ་དགོས་ངེས་རེད་ལ། འགྲོ་བ་མི་ཡོངས་ལ་ཡང་དག་པའི་གནས་ལུགས་དང་མཐུན་པའི་ཞི་བདེ་དང་རང་དབང་ཚད་ལྡན་ཞིག་ལོངས་སུ་སྤྱོད་དགོས་ན། ཐོག་མར་ས་བབ་ཀྱི་ཆ་ནས་གོ་ལ་ཟླུམ་པོ་འདི་རྒྱལ་མཚམས་ཀྱི་དབྱེ་འབྱེད་གཏན་ནས་མེད་པའི་འདུས་ཤེས་བསྐྲུན་ཐུབ་པའི་སློབ་གསོའི་ཐབས་ལམ་མཐོར་འདེགས་དགོས་པ་དང་། ལྷག་པར་དུ་དེ་དང་འབྲེལ་གནད་ཆེ་བའི་ཆབ་སྲིད་དང་དཔལ་ཡོན་སྐད་ཡིག་དང་གོམས་སྲོལ་སོགས་ཕྱོགས་ཡོངས་ནས་ལེགས་བྱང་གཅིག་གྱུར་ཡོང་བའི་ཐབས་ཤེས་གནང་དགོས་པ་རེད། དེ་དག་གི་ལས་འགན་ཆེ་ཤེས་གཅིག་ནི་དེང་དུས་ཀྱི་གཞོན་སྐྱེས་རྣམས་ཀྱི་བསམ་སྤྱོད་གཉིས་ཀྱི་ཁ་ཕྱོགས་ལ་རག་ལས་ཡོད། དེ་ཡང་གཞོན་སྐྱེས་ཚོས་སོ་སོའི་རྒྱལ་ཁབ་དང་རིག་གཞུང་མི་རིགས་དང་སྐད་ཡིག་ཙམ་གྱི་འདུ་ཤེས་འཛིན་སྟངས་འདི་རིགས་ངེས་པར་དུ་བློས་གཏོང་ཐུབ་པའི་འདུ་ཤེས་བསྐྲུན་ནས་ཀུན་ཕན་ཤེས་རིག་གི་ཁ་ཕྱོགས་འཛིན་ཏེ། ཡིད་དུ་འོང་བའི་གོ་ལ་གཅིག་ལ་མི་རིགས་གཅིག་དང་ཁྱིམ་ཚང་གཅིག་ལ་ཕ་མ་གཅིག་པའི་འདུ་ཤེས་ཡང་དག་པ་ཞིག་བྱམས་བརྩེ་དྲོད་མོས་ཀུན་ནས་བསླངས་ཏེ་བཟོ་བསྐྲུན་བྱེད་དགོས་པ་རེད། མི་རིགས་ཀྱི་བསམ་བློོའི་གནས་ཚད་དང་སྤུས་ཀ་འདི་འདྲ་ཞིག་ལ་བསླེབས་ཟིན་དུས། གཞི་ནས་འཇིག་རྟེན་ན་སྐད་ཡིག་ཕྱུག་ཤོས་དང་རིག་གཞུང་ལེགས་ཤོས་དེ་ཚོ་གདམ་གསེས་བྱེད་ཆོག་ལ། སྐབས་དེ་དུས་འཛམ་གླིང་ཞི་བདེ་དང་དྲང་བདེན་གྱི་རིན་ཐང་ངོ་མ་རྣམས་འགྲོ་བ་མི་ཐུན་མོང་ནས་ལོངས་སུ་སྤྱོད་ཐུབ་པའི་སྐལ་བཟང་གི་ཉི་མ་གསར་པ་ཞིག་སྤྱི་སྙོམས་སུ་རི་རབ་ཀྱི་རྩེ་མོ་ནས་རང་རེའི་ཕྲག་ཏུ་མངོན་དུ་ཕྱོགས་ངེས།
གལ་ཏེ་དེ་ལས་ལྡོག་སྟེ་ང་ཚོའི་རྒྱལ་ཁབ་དང་ང་ཚོའི་མི་རིགས་ང་ཚོའི་རིག་གཞུང་སོགས་ཕྱོགས་རིས་དང་སྒེར་གཅོད་ཀྱི་རྒྱལ་ཞེན་བྱེད་པའི་འདུ་ཤེས་འཛིན་སྟངས་འདི་ཙམ་ནི་འཕྲལ་ཕུགས་རྒྱང་གསུམ་གང་ལ་བལྟས་ཀྱང་བསམ་བློའི་ཁྱབ་ཁོངས་ཧ་ཅང་ཆུང་དྲགས་པ་དང་། ཕྱོགས་ཞེན་ཆེ་དྲགས་པ། མཁྲེགས་འཛིན་མང་དྲགས་པ། གུ་དོག་དྲགས་པ་སོགས་ཀྱི་གཞི་རྩའི་བསམ་བློའི་ཆ་ནས་ཞན་ཆ་མང་པོ་ལྷག་ཡོད་པ་མཚོན་ཐུབ། འདི་རིགས་རིམ་བཞིན་གཙང་སེལ་དང་ཡར་རྒྱས་བཏང་སྟེ་དང་བ་འདྲེན་པའི་ཤེས་རབ་ཀྱི་ཁྱིམ་གཞི་གསར་པ་ཞིག་བསྐྲུན་དགོས་རྒྱུ་དེ། ཕྲན་གྱི་རྨི་ལམ་མ་ཡིན་པའི་རྨི་ལམ་ངོ་མ་ཞིག་ཏུ་འགྱུར་རེ་ཡོད་པ་འདི་རྩོམ་དུམ་འདིཡི་གྲུབ་ཆ་གཙོ་གནད་དེ་ཡིན་ཞེས་བཤད་སྤོབས། དེ་ལྟར་ཡོང་བར་ང་ཚོར་སློབ་སྦྱོང་དགོས་པ་རེད་ལ་དེ་ལས་གནད་ཆེ་བ་ནི་ཀུན་སྤྱོད་རེད། སློབ་སྦྱོང་དེ་ཡང་ཕྱོགས་རིས་དང་མིང་གྲགས་སོགས་ཀྱི་ཕྱོགས་སུ་ཁ་ཕྱོགས་སོང་ན། མིའི་རིན་ཐང་ངོ་མ་དེ་བོར་བརླག་ཏུ་འགྲོོ་ཉེན་ཡོད་པ་མ་ཟད་མེད་ཐབས་མེད་པའི་ཡ་རབས་ཀྱི་བཟང་སྤྱོད་རྣམས་བེད་མེད་དུ་འགྱུར་ཚབས་ཆེ། མི་རིགས་ཀྱི་སྤྱི་ཚོགས་ནང་འགྲོ་བ་མིའི་ཀུན་སྤྱོད་བཟང་པོ་མང་པོ་ཞིག་ཕྱོགས་རིས་དང་མིང་གྲགས་སོགས་ཀྱི་དགྲ་བོ་འདིས་དམར་གསོད་བཏང་ནས་རྣམ་ཤེས་དུར་སར་གཡུགས་པའང་བགྲང་དུ་མེད། གལ་ཏེ་ཁྱོད་ཉིད་ངེས་དོན་གྱི་སློབ་གཉེར་བ་ཞིག་ཡིན་ན་ཕྱོགས་རིས་དང་མིང་གྲགས་སོགས་ནི་ཚེ་སྲོག་གི་གཤེད་མ་ཡིན་པའི་ངེས་ཤེས་ཤིག་ངེས་པར་དུ་རྙེད་ཐུབ་པ་བྱེད་དགོས་ལ། མི་རིགས་ཀྱི་རིན་ཐང་དུ་མ་ཞིག་གཏོར་བཤིག་གཏོང་མཁན་ངོ་མ་གཅིག་ནི་ཕྱོགས་རིས་དང་མིང་གྲགས་ཀྱི་དོན་དུ་གཉེར་མཁན་ཚོ་དང་དེ་དག་གིས་བཞག་པའི་ཤུགས་རྐྱེན་དེ་རིགས་ཡིན་པར་དྲན་པའི་དབང་པོ་རྣམས་ཀྱིས་ཡང་ཡང་གསུངས་འདུག། འདི་རིགས་ལ་ནང་དོན་རིག་པའི་གཞུང་རྣམས་སུ་འཇིག་རྟེན་ཆོས་བརྒྱད་ཅེས་དུག་གི་ཁ་ཟས་བཞིན་དུ་དགྲ་ཡི་གཏེ་བོར་ངོས་འཛིན་བྱས་ཡོད་མོད། དེང་སང་ནི་བློས་ཐུབ་ཀྱི་གྲོགས་པོ་བཞིན་དུ་གོང་འོག་ཀུན་གྱིས་ཉིན་མཚན་མེད་པར་འབྲེལ་འདྲིས་བྱེད་པའི་སྲོལ་ངན་ཞིག་ཁྱབ་བརྡལ་དུ་འགྲོ་བཞིན་པ་འདི་རེད།
གནའ་དེང་གང་དུ་ཡང་ངེས་དོན་གྱི་སློབ་གཉེར་བ་ཚོས་བསམ་གཞིག་རྐྱང་རྐྱང་གིས་ལམ་ནས་ཤེས་བྱའི་གནས་ལ་སྦྱོང་བརྩོན་བྱེད་སྐབས་གནའ་དེང་དང་རང་གཞན་གྱི་གཞུང་ལུགས་གང་རུང་ཞིག་གཞི་རྩར་བྱ་རྒྱུ་གཙོ་འཛིན་མིན་པར། གཞུང་ལུགས་དེའི་བརྗོད་བྱའི་སྙིང་དོན་རྟོགས་ཕྱིར་ངེས་པར་དུ་རང་ཉིད་ཀྱི་དཔྱོད་ཤེས་དང་རིགས་ལམ་འཚོལ་ཐབས་ཀྱི་སྤྲོ་སྣང་དང་འདུན་པ་ཞིག་གིས་གཞུང་ལུགས་ཀྱི་དཀྱུལ་སྙིང་དུ་འཛུལ་ཐབས་བྱ་རྒྱུ་དེ་ཁོ་ན་རེད་འདུག་ལ། འདི་ནི་མི་ཚེ་ཤེས་རབ་ཀྱི་སླད་དུ་ལེགས་སྐྱེས་སུ་འབུལ་མཁན་རྣམས་ཀྱི་གཟི་འོད་རབ་ཏུ་འབར་བའི་ཞབས་རྗེས་དྲོད་མོ་དེ་ཡིན། མིང་གྲགས་ཆེད་དུ་གཉེར་བ་ནི་དོན་སྙིང་སྟོང་པའི་ཀུན་སྤྱོད་ངན་པའི་འགྲོ་སྟངས་ཙམ་ཞིག་ཡིན། མིང་གྲགས་ལ་དགའ་ཞེན་ཆེ་བའི་མི་བུ་ཚོས་འགྲོ་བ་མིའི་སྤྱི་ཚོགས་ཐམས་ཅད་རུལ་སུངས་སུ་གཏོང་གིན་ཡོད། དེའི་རྒྱུ་མཚན་ནི་ཁོང་ཚོས་མིང་གྲགས་ཀྱི་ཆེད་དུ་གང་ཡང་བྱེད་སྲིད་པའི་དབང་གིས་རེད། ཐ་ན་རང་ཉིད་ཀྱི་མིང་གྲགས་ལ་ཐུག་དུས་རྒྱུ་འབྲས་དང་གནས་ལུགས་ཡོད་ཚད་ལ་སྐྲ་ཡི་རྩེ་མོས་བླངས་པའི་ཆུ་ཐིགས་ཙམ་གྱི་རིན་ཐང་ཡང་བརྩི་མི་སྲིད། འདི་ལྟར་བསམས་ན་དབྱེ་འབྱེད་དང་ཕྱོགས་རིས། རུལ་སུངས་དང་མིང་གྲགས་སྐམ་པོ་འདི་དག་གིས་ཕ་མེས་ཡང་མེས་ནས་ད་ལྟའི་བར་ང་ཚོ་ཇི་ཙམ་བསླུ་བྲིད་བྱས་ཡོད་ཨང་།
གུ་དོག་དང་རིས་གཅོད་ལ་དུང་ཞིང་ལས་འབྲས་ལ་རྒྱབ་ཀྱིས་ཕྱོགས་པའི་མི་བུ་ཚོས་འབྱུང་འགྱུར་གྱི་དུས་རབས་ནང་དུ་འཕོ་འགྱུར་འདི་འདྲ་ཞིག་ཡོང་མི་སྲིད་པར་འདོད་ན། དེ་ནི་ངོ་མ་རྒྱལ་བ་བྱམས་པས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང་།། ས་བོན་མི་རུང་མི་འཁྲུངས་ལྟར།། སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང་།། སྐལ་བ་མེད་པས་བཟང་མི་མྱོང་།། ཞེས་དང་། ཆོས་རྗེ་ས་པཎ་གྱིས། མཁས་པ་རང་གིས་དཔྱོད་ཤེས་ཀྱི།། བླུན་པོ་གྲགས་པའི་རྗེས་སུ་འབྲང་།། ཁྱི་རྒན་ཀུ་ཅོ་འདོན་པ་ན།། རྒྱུ་མཚན་མེད་པར་གཞན་དག་རྒྱུག།།ཅེས་དང་། སེམས་དཔའ་ཆེན་པོ་གཱནྡྷཱིས་རིགས་དང་ཆོས་ཀྱི་ཕྱོགས་རིས་དག་གིས་ནི་ཡུལ་མིའི་ནུས་སྟོབས་ཉམས་པ་དང་། ཆགས་སྡང་འཁོན་འཁྲུགས་ཀྱི་འབྱུང་ཁུངས་ཡིན་པས་ནན་གྱིས་སྤོང་དགོས་ཞེས་དང་། ཡང་དེ་ཉིད་ལས་དེ་ནི་འགྲོ་བ་མིའི་ལྷན་སྐྱེས་ཀྱི་སྟོབས་ཤུགས་དང་རིན་ཐང་ལ་ཡིད་རྟོན་དང་ངེས་ཤེས་མ་རྙེད་པའི་རང་ཚུལ་དམར་རྗེན་དུ་གསལ་བར་གསུངས་པ་ཉིད་དུ་ཟད་ན་དོན་དམ་པར་མི་ཚོགས་དེ་རིགས་ལ་གནས་ལུགས་དང་དྲང་བདེན་གྱི་གནད་དོན་རྣམས་གླེང་རིན་ཅི་ཞིག་ཡོད། སྤྱིར་འགྲོ་བ་མིའི་བསམ་བློའི་འཆར་སྒོ་ནི་ཤིན་ཏུ་ངོ་མཚར་ཅན་ཞིག་ཡིན་མོད། འོན་ཀྱང་མི་ལོ་ཁྲི་ཕྲག་མང་པོ་ནས་ད་བར་འགྲོ་བ་མི་ཚོས་ས་གཞི་ལེབ་མོ་འདི་ཡི་སྟེང་དུ་རླབས་ཆེན་གྱི་ཕྱག་ལས་ཅི་ཡང་གནང་མི་འདུག་ལ། གསར་གཏོད་དང་བདག་གཅེས་གང་ཡང་བྱས་མེད། དེའི་རྒྱུ་མཚན་ནི་རང་བྱུང་ཁམས་ཀྱི་གནས་བབ་ལ་གཞིག་ན་ཤེས་ངེས་ཡིན། ཁྱེད་ཀྱིས་དྲང་བདེན་གྱི་ལམ་ནས་བསམ་གཞིག་རེ་བྱོས་དང་། ལོ་ཟླ་གྲངས་མེད་ནས་རང་བྱུང་གི་ཁམས་ཆེན་མོ་འདིར་གྲངས་ལས་འདས་པའི་གཙང་པོ་དང་ནགས་ཚལ། ཡ་མཚན་ཅན་གྱི་སྲོག་ཆགས་དང་རྩི་ཤིང་སྣ་ཚོགས། ཤིན་ཏུ་མཐོ་བའི་རི་བོ་དང་སྤྲིན་གྱི་ཕུང་པོ། མདོར་ན་སྲ་ཞིང་འཐས་པའི་ས། རླན་ཞིང་གཤེར་བའི་ཆུ། ཚ་ཞིང་སྲེག་པའི་མེ། ཡང་ཞིང་གཡོ་བའི་རླུང་དང་བཅས་པ་ཐམས་ཅད་ལ་འགྲོ་བ་མིས་གསར་གཏོད་དང་བདག་གཅེས་གཏན་ནས་བྱས་མེད་པར་མཐོང་ཆོས་རེད་ལ། མ་ཟད་ངོ་མཚར་དང་མཛེས་སྡུག་གིས་ཡོངས་སུ་གཏམས་ཤིང་དྲོད་སྐྱིད་ལྡན་པའི་གོ་ལའི་ཁྱིམ་ཚང་ཆེན་མོ་འདི་ལ་ཚུལ་མཐུན་གྱི་དྲིན་ལན་ཅི་ཡང་མ་འཇལ་བའི་གནད་ལ་སེམས་པ་ལྷོད་ལ་ཕབ་སྟེ་བསམ་གཞིག་ཞིབ་མོ་རེ་བྱས་ན་མི་ཟེར་བའི་སྲོག་ཆགས་འདི་ཇི་འདྲ་བའི་འདོད་སྲེད་ཆེ་ཞིང་འཇིགས་སུ་རུང་བའི་སེམས་ཅན་གདུག་རྩུབ་ཅན་ཞིག་མ་རེད་དམ། རང་བྱུང་ཁམས་ཆེན་པོ་འདིར་སྐྱེ་འགྲོ་རྣམས་ཀྱི་ཚེ་སྲོག་འཚོ་བ་བྱེད་པར་མེད་དུ་མི་རུང་བ་ནི་ཆུ་དང་རླུང་གཉིས་པོ་རེད། དྭངས་ཤིང་གཙང་བའི་ཆུ་ཀླུང་ཡོད་ཚད་འབག་བཙོག་ཏུ་བཟོ་མཁན་དེ་འགྲོ་བ་མི་རེད་ལ། རང་བྱུང་ཁམས་ཀྱི་མཁའ་རླུང་གཙང་མ་མཐའ་དག་དུག་རྫས་དང་ལྷན་དུ་སྦགས་འཇུག་མཁན་དེ་ཡང་ཧ་ཅང་འཇིགས་ཡེ་བའི་འགྲོ་བ་མི་རེད་མ་གཏོགས། གཞན་འཇིག་རྟེན་ན་སུ་ཡང་སྔར་ནས་བྱུང་མེད་ལ་ཕྱིས་སུ་ཡང་འབྱུང་ག་ལ་སྲིད། ད་དུང་འགྲོ་བ་མིས་སྣོད་བཅུད་མང་པོ་མང་པོ་ཞིག་ལ་ཤིན་ཏུ་བཟོད་གླགས་བྲལ་བའི་གཏོར་བཤིག་དང་གནོད་འཚེ་ཧ་ཅང་ཆེན་པོ་བཏང་ཡོད་པ་མངོན་གསལ་རེད། འོ་ན་འགྲོ་བ་མིའི་རྣམ་དཔྱོད་ཀྱིས་ད་ལྟའི་བར་ཅི་ཞིག་བསྒྲུབས་དང་སྒྲུབ་བཞིན་ཡོད་དམ། དོན་དམ་པར་ཁོང་ཚོའི་རིན་ཐང་ལྡན་པའི་ལག་རྗེས་ངོ་མ་དེ་ཅི་ཞིག་ཡིན་ནམ་ཞེས་ན། དེ་ནི་མཐར་གཏུགས་ན་འདོད་ཧོམ་གྱི་ལམ་ནས་གཏོར་བཤིག་རང་བཞིན་ཅན་གྱི་དམག་དོན་གྱི་འཕྲུལ་ཆས་སྣ་ཚོགས་དང་སྣོད་བཅུད་ཀུན་ལ་ཤིན་ཏུ་གནོད་ཚབ་ཆེ་བའི་རྫས་སྦྱོར་འབོར་ཆེན་རྣམས་དང་། ཚེ་སྲོག་གི་གནས་བབ་ཀྱིས་ནམ་ཡང་འགན་ལེན་ཐེག་མི་ཐུབ་པའི་དཀའ་རྙོག་མང་དག་ཅིག་བཟོས་ཡོད་པ་དེ་ག་ཙམ་རེད་འདུག འོན་ཀྱང་ད་དུང་སྣོད་བཅུད་འདི་དག་རྒུད་མཐར་ཐུག་མེད་པས་རེ་བ་འཕར་མ་ཞིག་དང་ལྷན་དུ་ང་ཚོས་མི་རེ་ངོས་རེ་ནས་ནུས་པ་ཆེ་ཆུང་ལ་མ་ལྟོས་པར་འཛམ་གླིང་མི་འབོར་འཐེར་འབུམ་མང་པོའི་ཆ་ཤས་གལ་ཆེན་ཞིག་ཡིན་སྟབས། དྲང་བདེན་ལ་དགའ་ཞིང་རྒྱུ་འབྲས་ཀྱི་གནས་ལ་བློ་གྲོས་ཀྱི་མིག་གི་དུང་བ་ཤིན་ཏུ་ཟབ་ཅིང་ལྷག་བསམ་དང་ཤེས་རབ་ཅན་གྱི་མི་བུ་དག་གིས་ཆ་ཤས་བླངས་ནས། གོང་ཞུས་གནད་དོན་དག་གི་ཐད་ལ་བཟང་ཕྱོགས་ནས་ལས་འགན་ཇི་ལྟར་བསྒྲུབ་རྒྱུ་དེ་དུས་འགྱང་ཕྲ་མོ་ཙམ་ཡང་བྱེད་མི་རུང་བའི་ལས་དོན་ཞིག་ཡིན་སྟབས། བདེན་དོན་ལ་གཞིགས་ཏེ་བཤད། བཤད་ནས་བསྒྲུབ་དགོས་པ་དེ་བྱ་གཞག་ཀུན་གྱི་རྩ་དོན་ཡིན་པས་བརྩོན་པ་ཆེར་བསྐྱེད་རེ་གནང་ན་ཅི་མ་རུང་སྙམ།
དེས་ན་རྒྱུ་འབྲས་ཀྱི་བློ་མིག་ཡངས་ཤིང་དྲང་བདེན་གྱི་རང་ཚུགས་བརྟན་པའི་སྨྱུག་ཐོགས་པ་རྣམས་ཀྱིས་ཀྱང་ཚུལ་འདི་ལ་འཐད་མིན་གྱི་དགོངས་འཆར་ལྷུག་པོར་གནང་བར་རེ་བས་ལྕི། ཞེས་མི་རིགས་ཀྱི་རིག་གནས་འཕོ་འགྱུར་དང་བྱུང་འཕེལ་མ་འོངས་མདུན་ལྗོངས་ཀྱི་ཐད་ལ་རང་གི་སེམས་ཚོར་དང་བསམ་ཚུལ་ངོ་མ་དེ་དག་དང་ལྷན་དུ་སྦགས་གང་ཐུབ་ཀྱིས་བྲིས་སོ།།
སྐབས་འདིར་གསལ་བཤད་བྱེད་དགོས་པའི་གནད་ཅིག་ལ་རྩོམ་དུམ་འདི་མི་རིགས་བྱེ་བྲག་པ་གཅིག་གི་གནས་སྟངས་ཤིག་དམིགས་སུ་བཟུང་བ་ཞིག་མིན་ལ། ཆོས་ལུགས་དང་རིག་གཞུང་དམིགས་བསལ་བ་ཞིག་ལ་ཤི་འཇུ་རོ་འཐམ་ཡང་དེ་བས་ཀྱང་བྱས་མེད་མོད། འོན་ཀྱང་དྲང་བདེན་དང་གནས་ལུགས་ཤིག་མ་ཕྱིར་བཞག་སྟེ་མི་རིགས་ཀྱི་དངོས་བྱུང་གི་ལོ་རྒྱུས་ལས་ལེགས་ཉེས་ཤིག་བདེན་དཔང་བྱས་ཁུལ་དང་། དེའི་ཆེད་དུ་དམ་པ་འགའ་ཡི་གསུང་ཚིག་རེ་ཟུང་རང་ཉིད་ཀྱི་ཚིག་སྦྱོར་ཇི་བཞིན་བཀོལ་སྤྱོད་བྱས་ཡོད་པ་རྣམས་ལོ་རྒྱུས་བྱུང་འཕེལ་གྱི་ཐད་ལ། རང་གི་ལྟ་ཚུལ་ངོ་མ་དེ་རྩོམ་ཡིག་གི་ལམ་ནས་ཆེས་མངོན་པར་གསལ་བའི་ཆེད་དུ་བཀོལ་བ་ཁོ་ན་ལས་གཞན་ཚིག་བརྐུས་བཤུས་ཀྱིས་རང་ཉིད་ཆེ་འདོད་གྲགས་འདོད་སོགས་ནི་གཏན་ནས་མིན་པ་དེ་ལགས། གཤམ་དུ་དུས་རབས་ཉི་ཤུ་པའི་ནང་དུ་བྱུང་བའི་ལག་དམར་གཙོ་གནད་འགའ་ཡི་མིང་དང་མི་བསད་གྲངས་འབོར་ལོ་དུས་ཡུལ་ལུང་རྣམས་ཞིབ་འཇུག་པ་དག་གིས་བྲིས་པ་ལྟར་དྲྭ་གླིང་འགའ་ཞིག་ནས་ཕབ་བཤུས་བྱས་པ་ཡིན།
དཔྱད་གཞིའི་ཡིག་ཆ།
༡༽དྲྭ་རྒྱ། གཤམ་གྱི་ལག་དམར་ཚོའི་མིང་དང་མི་བསད་གྲངས་འབོར་ལོ་དུས་ཡུལ་ལུང་སོགས་
དྲྭ་རྒྱ་འགའ་ཞིག་ནས་ཕབ་བཤུས་བྱས།
༢༽སྤྱོད་འཇུག
༣༽ས་སྐྱ་ལེགས་བཤད།
༤༽ སེམས་དཔའ་ཆེན་པོ་གཱནྡཱིའི་གསུང་རྩོམ་བོད་བསྒྱུར་ཁག་ཅིག
༥༽ཤེས་བྱ། བཙན་བྱོལ་བོད་གཞུང་གི་གཞུང་འབྲེལ་ཤེས་བྱ་དུས་དེབ་ཁ་ཤས།
༦༽ ཨ་རི་དང་དེའི་མི་དམངས། རྩོམ་པ་པོ་བཀྲིས་ཚེ་རིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།