དཔའ་བོའི་སྐུ་སྲོག་གིས་བསྐྲུན་པའི་ལེགས་འབྲས།
སེར་ཤུལ་རིན་ཆེན་དོན་གྲུབ།
བོད་གངས་ཅན་གྱི་རྒྱལ་གཅེས་དཔའ་རྒོད་ཚོས་གཅིག་མཇུག་གཉིས་མཐུད་ཀྱིས་སྐུ་སྲོག་མེ་འོད་དུ་ཕུལ་ནས་སྙིང་སྟོབས་ཆེན་པོས་ཞི་བའི་འཐབ་འཛིང་གི་ལས་རིམ་འདི་ལྟར་བརྒྱུད་པའི་མཐའ་འབྲས་སུ་ཚེ་སྲོག་དང་བདེན་པའི་སྟོབས་ཤུགས་ཀྱིས་རྒྱ་ནག་དམར་པོའི་ནོར་འཁྲུལ་སྲིད་ཇུས་ཀྱི་སྒལ་བར་རྡུང་རྡེག་ཡང་ཡང་བཏང་བ་མ་ཟད་རང་དབང་དང་།
ཞི་བདེ། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སོགས་ལ་དུས་གཏན་དུ་མེ་མདས་གཏོར་རྒོལ་བྱེད་མི་ཐུབ་པའི་གནས་ལུགས་ཀྱི་འགྲེལ་བཤད་ཡང་རྒྱ་ནག་དམར་པོའི་གཅིག་སྡུད་དབང་འཛིན་པ་དག་གི་རྣ་ལམ་དུ་ཡང་ཡང་བསྒྲགས་ཡོད། ཉེ་བའི་ཉིན་འདི་དག་གི་རིང་རྒྱ་སྤྱིའི་སྡིངས་ཆར་བོད་དོན་དང་འབྲེལ་བའི་གྲོས་ཆོད་དང་། བོད་མིར་གདུང་སེམས་མཉམ་བསྐྱེད། རྒྱ་ནག་གི་གཅིག་སྡུད་སྲིད་ཇུས་ལ་ཁ་རྡུང་། བོད་མིའི་ཚེ་སྲོག་གི་མེ་ལྕེ་མུ་མཐུད་སྦར་བར་སེམས་འཚབ་བཅས་ཀྱི་ཚོར་ཤུགས་ཆེ་བའི་རྣམ་འགྱུར་ཞིག་སྟོབས་ཆེན་ཨ་རིའི་གྲོས་ཚོགས་ནས། གྲགས་ཅན་ཞི་བདེ་དེད་དཔོན་རྣམས་ཀྱི་སྨྱུག་ཁ་དང་། དབང་ཆེན་ཡོ་རབ་གྲོས་ཚོགས་ཀྱི་དཀྱིལ་འཁོར་ནས་ཉི་ཧོང་རྒྱལ་ཁབ་ཀྱི་མདུན་ཅོག་ཐོག་བར་ཁྱབ་ཅིང་གྲགས་པར་གྱུར།
དེ་ནི་དཔའ་རྒོད་དག་གི་སྐུ་སྲོག་གི་རིན་ཐང་ཡིན་ལ་བློ་སྟོབས་ཀྱི་མཇུག་འབྲས་ཀྱང་ཡིན། སྤྱི་ཟླ་༣ པའི་ཚེས་༣༠ ཉིན་བཞག་པའི་ཨ་རིའི་གྲོས་ཚོགས་གོང་མའི་གྲོས་ཆོད་ནང་། དྲག་གནོན་གྱི་སྲིད་བྱུས་འོག་རྐྱེན་འདས་སུ་ཕྱིན་པའི་བོད་མི་རྣམས་དང་ལྷག་པར་རང་ལུས་མེ་སྲེག་བཏང་ནས་འདས་གྲོས་སུ་ཕྱིན་པའི་བོད་མི་རྣམས་ལ་མྱ་ངན་ཞུ་རྒྱུ། ཞེས་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་གང་ཉིད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་མང་གཙོའི་ལམ་ལུགས་ལ་རྩིས་སྤྲོད་གནང་རྒྱུའི་ཐག་གཅོད་ལ་བསྔགས་བརྗོད་ཞུ་རྒྱུ། ཞེས་དང་། ཕྱི་ལོ་༢༠༡༡ ཟླ ༣ པའི་ཚེས་ ༢༠ ཉིན་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་འགྲན་རྩོད་རང་བཞིན་གྱི་འོས་འདེམས་ནི། རང་དབང་དང་དྲང་བདེན་བྱུང་བར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ། ཞེས་དང་། ཨ་རིའི་མི་མང་དང༌། བོད་མི་དབར་གྱི་མཛའ་མཐུན་སྔར་བཞིན་འགྱུར་བ་མེད་པ་གནས་རྒྱུར་བསྐྱར་ནན་ཞུ་རྒྱུ་ཡིན་ཞེས་བཀོད་འདུག གྲོས་ཆོད་འདི་ནི་སྟོབས་ཆེན་ཨ་རིའི་རྒྱལ་ཁབ་ཀྱི་མ་འོངས་ཆེས་མཐོའི་དབུ་འཁྲིད་ཀྱི་གར་སྟེགས་སུ་ཕེབས་རེ་ཆེ་བའི་མཐོ་རིམ་མི་སྣ་ཁག་ཅིག་དང་། ཨ་རིའི་མི་མང་གི་སྐུ་ཚབ་མཚོན་ངེས་པའི་གནད་ཡོད་མི་སྣ་དག་གི་བོད་དོན་གཟིགས་སྟངས་དང་། རྒྱ་ནག་གི་དབང་འཛིན་པར་རྣམ་འགྱུར་འཛིན་ཕྱོགས་གལ་ཆེན་ཞིག་རེད།
དེ་བཞིན་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་ཚོགས་གཙོ་ཐོ་མཱ་སི་མེན་ལགས་གྱིས། ཚོགས་པ་དེའི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་། སྐུ་ཚབ་སྐལ་བཟང་རྒྱལ་མཚན་རྣམ་གཉིས་ཡུ་རོབ་གྲོས་ཚོགས་ནང་གདན་ཞུ་གནང་ཐུབ་རྒྱུར་འབོད་བརྩོན་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་ལ། དེ་བཞིན། ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པའི་འགན་འཛིན་དང་ཡུ་རོབ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོཊ་གཞོན་འབུམ་རམས་པ་སཱ་བྷ་ཐེལ་(Gerhard Sabathil) ལགས་ཀྱིས། བོད་ནང་གི་མེར་བསྲེགས་གནད་དོན་ཐོག་སེམས་འཚབ་ཆེན་པོ་ཡོད་སྐོར་དང་། ཁོང་ཚོས་རྒྱ་ནག་དང་གྲོས་བསྡུར་གནང་སྐབས་བོད་ཀྱི་གནད་དོན་མདུན་ཅོག་ཐོག་བསླེབ་རྒྱུར་འབད་བརྩོན་གནང་རྒྱུ། ཡུ་རོབ་གྲོས་ཚོགས་ཀྱིས་བོད་ནང་རྟོག་ཞིབ་ཚོགས་པ་གཏོང་རྒྱུ་དང་། བོད་དོན་དམིགས་བསལ་སྐུ་ཚབ་བསྐོ་བཞག་གནང་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན་ཚུལ་སོགས་བརྗོད་ཡོད། དེ་བཞིན་ཟླ་༤ བའི་ཚེས་ ༣ ཉིན་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་༡༢ ཀྱི་མཚན་ཐོག་ནས། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་ལ་ཕྱག་ཡིག་ཅིག་ཕུལ་བའི་ནང་བོད་མི་ཚོས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་ཤིག་ལ་དགོས་འདུན་བཏོན་ཡང་རྒྱ་ནག་གཞུང་གིས་ཡ་ལན་མ་བྱས་པར་བརྟེན། ད་ཆ་བོད་མི་ཚོས་རང་ལུས་མེ་སྲེག་བྱེད་པའི་གནས་སྟངས་ཆགས་ཡོད་སྟབས། ཁོང་ཚོའི་དཀའ་ངལ་རྟོགས་ཞིབ་དང་ངེས་པར་དུ་ཞི་བའི་ཐབས་ལམ་ཞིག་འཚོལ་དགོས་ཞེས་གསུངས་འདུག
དེ་དང་ཕྱོགས་མཚུངས་ཉེ་ཆར་རྒྱ་ནག་གཞུང་འབྲེལ་དྲ་རྒྱ་སྐོར་ཞིག་གཏོར་རྒོལ་ཐེབས་ཡོད་པ་དང་གཏོར་རྒོལ་བྱས་པའི་དྲ་རྒྱ་ཁག་ཅིག་གི་མདུན་ངོས་སུ་”བརྩེ་བའི་རྒྱ་ནག་གཞུང་། ཁྱེད་ཚོ་དུས་ནམ་ཡང་མར་འགྱེལ་མི་སྲིད་པའི་རྟག་བརྟན་ཞིག་མིན། དེ་རིང་ཁྱེད་ཚོའི་དྲ་རྒྱར་གཏོར་རྒོལ་བྱས་ཡོད། སང་ཉིན་གཏོར་རྒོལ་འདི་ཁྱེད་ཚོའི་སྟེང་དུ་བསླེབ་ངེས་པས། སྐབས་དེར་གདུག་རྩུབ་ཅན་གྱི་གཞུང་འདི་མགོ་རྟིང་སློག་གི་རེད།” ཅེས་བྲིས་ཡོད་པ་མ་ཟད། ང་ཚོས་མང་ཚོགས་ཀྱི་མངོན་འདོན་ལྟར་རྒྱ་ནག་དམར་པོའི་གཞུང་ལ་གསར་བརྗེ་ངོ་རྒོལ་བྱེད་ཀྱི་ཡོད། ཚང་མས་སོ་སོ་རང་དབང་གི་མི་རེ་བྱས་ཏེ་དམར་པོའི་སྲིད་གཞུང་ལ་ངོ་རྒོལ་དང་གྱེན་ལངས་བྱོས། ཞེས་བྲིས་ཏེ་དམར་པོའི་གཅིག་སྡུད་དབང་འཛིན་པར་མི་དགའ་བའི་རྣམ་འགྱུར་ཤུགས་ཆེར་སླེབས་ཡོད། འདི་ལྟར་ཕྱོགས་ཡོངས་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གི་སྐྱ་རེངས་ཤར་འོང་བའི་ངང་ཚུལ་འདིར་བསམ་ན་ད་ནི་དུས་ཀྱི་འཁོར་ཕྱོགས་དང་། བོད་ཀྱི་དཔའ་རྒོད་ཚོས་བློས་གཏོང་གི་སྙིང་སྟོབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བོད་དོན་ལྟ་སྟངས་གང་གི་ཐོག་ནས་ཀྱང་བོད་གངས་ཅན་པ་རྒྱལ་བའི་རེ་བ་འབུས་འགོ་ཚུགས་ཤིང་། དཔལ་གངས་ལྗོངས་ཀྱི་རེ་བའི་རླུང་རྟ་དར་འགོ་བཙུགས་པའི་རྒྱུ་རྐྱེན་རྟེན་འབྲེལ་གྱི་ལྗང་སྨྱུག་ཤར་བ་རེད། ༢༠༡༢/༤/༡༠ལ།