ངའི་སྤུན་ཟླ་ཚོ། ཕ་ཡུལ་དུ་ལོག་འགྲོ།
སྙིང་ཉེ་བའི་ངའི་རིགས་མཐུན་གྱི་སྤུན་ཟླ་ཚོ། ང་ཚོ་ཕ་ཡུལ་དུ་ལོག་འགྲོ། མ་འོངས་པའི་ཆེད་དུ། ང་ཚོ་ཕ་ཡུལ་དུ་ལོག་འགྲོ། ད་ལྟ་ཕ་ཡུལ་གྱི་སྤུན་ཟླ་ཚོ། ཡོད་ཚད་གཉིད་ལས་སད་འདུག གཉིད་སད་སྟངས་ལ་གོ་རམ་དང་གདེང་ཚོད་ཧ་ཅང་ཆེ་བས། དེའི་ཕྱིར།
ང་ཚོ་ཕ་ཡུལ་དུ་ལོག་འགྲོ། ཆེས་མཐའ་མཇུག་གི་དམིགས་ཡུལ་དེའི་ཆེད་དུ། འཆི་དགོས་ཀྱང་ཕྱིར་མིག་མེད་པར། ང་ཚོ་ཕ་ཡུལ་དུ་ལོག་འགྲོ་ཡ། རེད་ཡ། གདོང་དམར་གྱི་ལ་རྒྱ་ཅན་གྱི་ངའི་སྤུན་ཟླ་ཚོ། མཐུན་འབྲེལ་གྱི་ལག་གདང་སྦྲེལ་ནས། ང་ཚོ་ཕ་ཡུལ་དུ་ལོག་འགྲོ། ཆིག་སྒྲིལ་གྱི་དཔུང་ཁག་བསྒྲིགས་ཏེ། ང་ཚོ་ཕ་ཡུལ་དུ་ལོག་འགྲོ། རང་དབང་དང་དྲང་བདེན། ད་དུང་ཞི་བདེའི་འབོད་སྒྲ་སྒྲོག་བཞིན། ང་ཚོ་ཕ་ཡུལ་དུ་ལོག་འགྲོ། ཨོ། མི་རིགས་ཀྱི་མགོ་རྣ་ཡོད་པའི་ངའི་སྤུན་ཟླ་ཚོ། ཕྱིའི་ལྕགས་རི། ནང་གི་ནོར་བུ། དཔྲལ་བའི་མིག་དང་ཁོག་པའི་སྙིང་། ཡོངས་ཀྱི་དབུ་ཁྲིད་ཆེན་པོ། འཛམ་གླིང་ཞི་བདེ་དེད་དཔོན། ཞབས་ཟུང་གི་པདྨོ་སྤྱི་བོར་བཏེགས་ཀྱིན། ང་ཚོ་ཕ་ཡུལ་དུ་ལོག་འགྲོ། རེད་ཡ། ཕུགས་བསམ་གྱི་སྙིང་སྟོབས་མངའ་བའི་ངའི་སྤུན་ཟླ་ཚོ། ང་ཚོ་ཕ་ཡུལ་དུ་ལོག་འགྲོ། གངས་ལྗོངས་ཀྱི་ལས་དབང་ང་ཚོ་ལ་འབྲེལ་ཞིང་། མི་རིགས་ཀྱི་བདེ་སྡུག་ང་ཚོའི་ཕྲག་ཏུ་ཡོད་པས། དྲང་བདེན་ལ་དུང་ཞེན་ཟབ་པའི་ངའི་སྤུན་ཟླ་ཚོ། འཆི་གསོན་གྱི་འགག་ལ་ཐུག་པའི། འབྱུང་འགྱུར་གྱི་མི་རིགས་ཤིག་གི་ཆེད་དུ། མཐུན་འབྲེལ་གྱི་ལག་གདང་སྦྲེལ་ནས། ང་ཚོ་ཕ་ཡུལ་དུ་ལོག་འགྲོ་ཡ།