ད་ལོའི་ཚོགས་ཆེན་འདི་སྒེར་གཅོད་རེད་དམ།
ན་ནིང་དམིགས་བསལ་ཚོགས་ཆེན་དེ་རྡ་སར་འཚོགས་པ་རེད་ལ། སྐབས་དེར་བྱུང་མྱོང་མེད་པའི་འགྱུར་བ་ཆེན་པོ་དེ་འདྲའང་བཏང་པ་རེད། བསྒྱུར་བཅོས་དེའི་གནད་ཆེ་ས་ཞིག་ནི། བོད་གཞུང་ཞེས་པའི་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་རྒྱལ་ཁབ་ཀྱི་མིང་ཚིག་བླ་ན་མེད་པ་དེ་རྩ་མེད་བཏང་པ་རེད་ལ།
འོན་ཀྱང་དེའི་རྗེས་སུ་དོན་གྱི་བདག་པོ་རྒྱ་ཆེའི་མང་ཚོགས་ཀྱི་མི་འདོད་པའི་རྣམ་འགྱུར་རྣམས་ཟངས་ཆེན་ཁ་ནས་འོ་མ་བཞིན་གྱེན་དུ་འཕྱུར་སོང་ཡང་། ཡར་ཕྱོགས་ནས་ཁེབས་གཅོད་ལེབ་ལེབ་གཅིག་གིས་ཏག་ཏག་བཀབ་སོང་། ཡིན་ནའང་མང་ཚོགས་ནི་ནམ་ཡང་སོ་སོའི་ལངས་ཕྱོགས་དང་ཁ་འབྲལ་ཐབས་མེད་དུས། ད་དུང་གནད་དོན་དེའི་ཐད་ནས་སེམས་པ་ལྷིང་འཇགས་ཞིག་བྱུང་མེད་ལ། མ་བྱུང་པའི་དུས་ཚོད་འདི་དག་གི་རིང་། གོ་སྐབས་ནམ་བྱུང་ཚེ་གླེང་གིན་པ་ལྟར། རྩོད་ངེས་རེད།
འདིར་བཤད་མོས་པ་ཞིག་ནི། སྒེར་གཅོད་འདི་དག་གི་གྲིབ་འོག་ནས་ད་ལོའི་འཚོགས་རྒྱུའི་ཚོགས་ཆེན་དེའང་བསྡུ་གིན་ཡོད་ན། ད་ལྟ་ནས་ཚོགས་ཆེན་ལབ་དུས་བོད་མི་ཚོར་ཡི་ག་དེ་ཙམ་མེད་པར་བྱས་ཟིན་ཡོད་པ་ལྟར། རེ་བ་མང་པོ་ཞིག་རྒྱག་གིན་མེད་ལ། མདོ་དོན་འགྲོ་སོང་འཕྲོ་རླག་གཏོང་བྱེད་ཙམ་དུའམ། ལག་པ་ཕྱི་ས་ཞིག་ཡིན་དུས། དེར་རེ་བ་མེད་པའི་ཁར་མཚམས་རེར་ཞེད་སྣང་ཀྱང་ཡོང་གིན་ཡོད།
༤༩་ལོ་ནས་བརྩིས་པའི་ད་བར་བོད་མི་རིགས་འདིའི་ཚེ་སྲོག་གི་གཤེད་མ་ཉག་གཅིག་དེ་ནི་དགྲ་ནག་ཁོ་ན་ཡིན་ལ། འདིའི་ལྷན་དུ་འདུག་རྒྱུའི་གྲོས་གཤོམ་བཞིན། ཚུར་བྲོས་ས་དེའམ། ཐོད་པར་མེ་མདའ་གཏད་ནས་འཇིགས་བསྐུལ་དང་། སྤུན་གཉེན་མང་པོ་ཞིག་སྡུག་སྦྱོང་མནར་གཅོད་ཁོ་ནས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་འཕྲོག་མཁན་དེར་དེང་སང་ཕར་ཞུ་བ་འཐེན་བཞིན། བྲང་རུས་མདེལ་ཁར་བཟེད་ནས་ཕྱིར་འགྲོ་ས་རག་གི་འདུག་གམ་ལྟ་བཞིན་པ་རེད།
གནས་སྟངས་འདི་དག་མང་ཚོགས་ཀྱིས་ད་བར་བྲང་རུས་འོག་ཏུ་བཙན་བརྫངས་བྱས་ཡོད་པའི་ཁར། ལོ་རྒྱུས་ལྡན་པའི་མིང་ཚིག་བླ་ན་མེད་པ་དེའང་གཙང་གསུབ་བྱས་ཟིན་པ་རེད། དེ་བཞིན་བཙན་པོ་རིམ་བྱོན་ནས་ཁྲག་དང་སྲོག་གིས་ཉོས་པའི་ས་ཁོངས་བདག་དབང་གི་གནད་དོན་དག་ཀྱང་སྒེར་བདག་བྱས་ཏེ་རིན་མེད་ཐོག་བཙངས་ཟིན་སོང་། ད་ལྟ་ལྷག་ཡོད་པ་ནི། རྒྱལ་གླུ་བརྗེ་བསྒྱུར་དང་། སེང་དར་ཚབ་ཏུ་དར་དམར་བསྒྲེང་རྒྱུ། དེ་བཞིན་ཀྲུང་གོའི་གངས་ཅན་སྐྱིད་གཤོང་ཞེས་སྒོ་བྱང་བརྗེ་རྒྱུ་ཙམ་ཡིན་ལས་ཆེ།
ཅི་སྟེ། ད་ལོའི་གྲོས་ཚོགས་གཙོ་བོས། གཞོན་ནུ་ལྷན་ཚོགས་ལ་སྔོན་མེད་ཀྱི་བསྟོད་བཀུར་བླ་ན་མཐོ་བ་ཞིག་དང་། དེ་བཞིན་སྲིད་སྐྱོང་ཁྲི་བས་ཀྱང་། འོས་ལངས་སྐབས། ༢༠༠༨ ལྟར་ཛ་དྲག་གི་གནས་ཚུལ་ཐོན་ན་དེར་དོན་ཕན་ལྡན་པའི་ཞིབ་འཇུག་བྱ་རྒྱུ་ཡིན་ཞེས་ཡང་ཡང་གསུང་ཡོད་པས། ད་ལྟའི་བོད་ཀྱི་ཛ་དྲག་གི་གནས་སྟངས་གནམ་སའི་བར་ནས་མེ་ལྕེ་དང་ལྷན་གཡོ་བཞིན་པའི་དུས་ཚོད་འདིར། ཁོང་གིས་མེ་ལྕེ་འདི་དག་གི་འཐབ་རྩོད་འདི་དགྲ་དང་མཉམ་དུ་འདུག་རྒྱུ་དེ་རེད་འདུག་གམ། ས་ཁོངས་བདག་དབང་མི་ལ་སྤྲད་རྒྱུ་དེ་རེད་འདུག་གམ། བོད་གཞུང་ཞེས་པ་རྩ་མེད་གཏོང་རྒྱུ་འདི་རེད་འདུག་གམ། ཡང་སྙིང་འཛམ་བུ་གླིང་ན་བོད་རྒྱལ་ཁབ་ཅེས་པ་ཞིག་མེད་པ་བཟོ་རྒྱུ་དེ་རེད་འདུག་སོགས་ཀྱིས་ཐད་ནས་ཞིབ་འཇུག་བྱེད་ངེས།
ཞིབ་འཇུག་དེ་དག་གི་ནང་དུ་༤༩ ནས་ཚེ་སྲོག་ཁྲི་ཕྲག་ལྷག་གི་བློས་གཏོང་དེ་དག་ཀྱང་ཚུད་དགོས་ལ། དེ་བཞིན་༨༩ དང་ ༢༠༠༨། ད་དུང་ན་ནིང་དང་ད་ལོའི་ཚེ་སྲོག་ཡོངས་འདུས་དགོས། དེ་ལྟར་འདས་པོ་ཚོའི་རྣམ་ཤེས་ཀྱི་འབོད་པ་དག་ལ་གཞིགས་རྗེས། འདི་ནས་མིག་ཆུ་ཤར་རེ་དགྲ་བོ་ལ་སྡུག་སྨོད་བྱེད་ཀྱིན་པའི་རྒན་མགོ་དཀར་ནས་ང་ཚོའི་དགྲ་བོ་གུང་ཁྲན་ཏང་རེད་ཅེས་འབོད་སྡོད་མཁན་གྱི་ཆུང་བྱིས་པ་ཡན་ཆད་ཀྱི་བོད་མི་གསོན་པོ་དག་གི་བསམ་ཚུལ་དང་རྨི་ལམ། མངོན་འདོད་དང་ན་ཟུག་དག་ལ་བརྩི་བཀུར་དང་། འདི་དག་རྩ་དོན་འཐབ་རྩོད་ཀྱི་རྨང་གཞིར་འཇོག་དགོས།
གལ་སྲིད་དེ་ལྟར་འདས་གསོན་གཉིས་ཀྱི་རྒྱ་ཆེའི་མང་ཚོགས་ལ་གུས་བཀུར་བྱས་རྗེས། དེ་དག་གི་བསམ་འདུན་ལྟར་ལག་ལེན་དུ་བསྟར་དགོས་པར་འདོད། ཉེ་ཆར་སྲིད་སྐྱོང་ཁྲི་བས་ཀྱང་། འབའ་མ་ལ་མང་གཙོའི་རྒྱལ་ཁ་ཐོབ་པ་ནི་བྱུང་མ་སྲིད་པ་ལྟ་བུའི་རྒྱལ་ཁ་ཞིག་རེད་ཅེས་པ་ལྟར་ང་ཚོའང་རྒྱལ་ཁའི་ལམ་ཁ་མེད་པ་མིན་ལ། དེ་བཞིན་རྒྱ་གར་རྒྱལ་ཁབ་ལ་མཚོན་ནའང་ལོ་ངོ་༢༠༠ ལྷག་དབྱིན་ཇིའི་འོག་ཏུ་རང་བཙན་ཤོར་ཡང་། ཁོང་ཚོར་ཕྱིར་རང་བཙན་རག་ཡོད་པའི་ཁར། གནའ་བོ་རིག་གཞུང་དང་། སྲོལ་རྒྱུན་ཆས་ལུགས་སོགས་བརླག་ཐུབ་མེད། དེས་མ་ཚད་ད་ལྟ་ནི་རང་ཚུགས་ཡོད་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུའང་འགྱུར་བཞིན་ཡོད་པ་ལྟར་རེད།
དགྲ་དང་ལྷན་དུ་འདུག་འདོད་ཟེར་མཁན་ཚོར་མཚོན་ན་ཐབས་ལམ་ཁྱད་པར་བ་ཞིག་མེད་ལ། དགྲ་ལག་ནས་སྒུག་གི་ཡིན་ལབ་པ་ཙམ་རེད།
མདོ་དོན་ཚོགས་ཆེན་ཞིག་བསྡུ་རུ་འདོད་ན། མང་ཚོགས་ལ་བརྩི་བཀུར་གནང་དགོས་ལ། མང་ཚོགས་དང་དེའི་བསམ་ཚུལ་དང་མངོན་འདོད་ལ་བརྩི་འཇོག་མེད་པའི་ཚོགས་ཆེན་དང་ཚོགས་ཆུང་ནི་ཡོད་པ་ལས་མེད་ན་དགའ་བ་ཞིག་ཏུ་འཁུམས་སོ།
ཞེས་༢༠༡༢་༤་༡༡ ཉིན་བྲིས་ནས་སྤེལ།