སྐུ་ཞབས་ཞོགས་དུང་ལས་འཕྲོས་པའི་བདེན་གཏམ་ཡིད་ཀྱི་མུན་སེལ།

སྐུ་ཞབས་ཞོགས་དུང་ལགས། ཆོས་རྗེ་ས་པཎ་གྱིས། ངན་པ་ཕལ་ཆེར་རང་གི་སྐྱོན།། གང་ཡིན་གཞན་ལ་དགོད་པར་བྱེད།། ཁྭ་ཏས་མི་གཙང་ཟོས་པའི་མཆུ།། ས་གཙང་གཞན་ལ་འབད་ནས་འཕྱིད།།ཅེས་གསུངས་པ་དེ་སྐྱེ་བོ་ཁྱོད་ལྟ་བུའི་བསམ་སྤྱོད་ལ་གཞིགས་ཏེ་གོ་བ་ལེན་དགོས་པ་འདྲ། ཁྱོད་ནི་ངོ་མ་ཞི་བདེ་དང་དྲང་བདེན་ལ་རྒྱབ་ཀྱིས་ཕྱོགས་པའི་ཧོལ་རྒྱུག་པ་ཞིག་ཡིན་པ་ཁོ་ཐག་ཆོད།

དེ་རིང་ཁོ་བོས་མེས་པོའི་རིག་གནས་ལ་བཅངས་པའི་བསམ་གཞིག་གི་ལམ་ནས་འདིར་སྐུ་ཉིད་ཀྱིས་བྲིས་པའི་དེབ་ཆུང་དཔྱང་ཤེས་རྒྱང་འབོད་དང་། དོགས་སློང་སྙིང་སྟོབས། རིགས་ཤེས་ཀུན་གྲོལ། གནམ་ས་གོ་འབྱེད་རྣམས་ཀྱི་ཚིག་དོན་ཁ་ཤས་ལས་འཕྲོས་ཏེ་གསལ་བཤད་ཅུང་ཙམ་བྱེད་འདོད་བྱུང་བ་དང་ལྷན་དུ། སྐུ་ཞབས་ཁྱོད་དང་ཁྱོད་ཀྱི་ཁྱི་སྤྱང་ངན་འབྲེལ་གྱི་དཔུང་ཁག་རྣམས་ལ་དེ་རིང་གནས་ལུགས་དང་དྲང་བདེན་ལ་ཅུང་ཟད་ཤ་ཞེན་དང་བློ་རིག་ཡོད་པ་ཡིན་ན་ཕ་བཟང་བུ་མ་འཆུག་པར་གོ་རྟོགས་ཕྲན་བུ་མཐོ་རུ་གཏང་བར་འཚལ་ཞེས་ཤ་རུས་གཅིག་པའི་སྤུན་ཟླའི་ཚུལ་དུ་ཞུ་བ་ལགས། སྐུ་ཞབས་ཁྱོད་ཀྱི་བྲིས་རྩོམ་དག་གི་རྣམ་འགྱུར་དང་ཁ་ཕྱོགས་ལ་བལྟས་པ་ཙམ་གྱིས་རྐུ་མ་ངོ་ནག་གྲལ་མགོ་དང་ཁྱི་རྐུན་མི་མཐུན་འོ་ཟོ་ཁ་ཞེས་པའི་ཁ་བ་རི་པའི་གནའ་དཔེ་དེ་ཁྱོད་ཅག་ལྟ་བུའི་ཟོལ་སྦྱོར་གྱི་ལས་ལ་བརྩོན་བཞིན་པའི་ཀུན་སྤྱོད་ངན་པའི་གསར་བུ་རིགས་ལ་ཁྲིགས་སེ་རེད་འདུག་གོ།

 

དེས་མཚོན་ནས་ཁྱེད་ཀྱིས་ད་བར་ངན་པ་ཁོང་བཅངས་ཀྱིས་བྲིས་བཤད་བྱས་པ་ཐམས་ཅད་པོར་བདེན་དོན་གྱི་རྒྱལ་ཁ་གཤའ་མ་ཞིག་མི་འཐོབ་པ་སེམས་ཐག་རེད། དེའི་རྒྱུ་མཚན་ནི་བདེན་པ་དང་ཡང་དག་པའི་གནས་ལུགས་ནི་ཇི་ཙམ་བརྡར་ཤ་བཅད་པ་དེ་ཙམ་གྱིས་གསེར་ས་འོག་ཏུ་ཡོད་ཀྱང་འོད་ནམ་མཁར་འཕྲོ་བ་བཞིན་ནམ་དུ་ཡང་གཟི་བརྗིད་དང་རིན་ཐང་རྣལ་མ་དེ་དག་འབུར་དུ་ཐོན་ཡོང་བ་ནི་དངོས་པོ་ཀུན་གྱི་གཤིས་ལུགས་དང་ཆོས་ཉིད་ཡིན་པས་སོ།།

མ་གཞིར་རིག་གནས་དང་ལྟ་གྲུབ་གླེང་དུས་ནམ་ཡིན་ཡང་འཚོ་བའི་གནས་བབ་དང་ལྷན་དུ་བདེན་དོན་དང་གནས་ལུགས་ལ་གཞི་བཅོལ་དགོས་པ་ནི་བྱམས་བརྩེ་དང་ཤེས་རབ་ཅན་གྱི་དམ་པ་རྣམས་ཀྱི་ཞལ་གདམས་བླ་ན་མེད་པ་དེ་ཡིན་འདུག་པས། གངས་ཕྲུག་ཚོ། ཚུལ་འདི་རིགས་སེམས་ཀྱི་ཟབ་ས་རུ་ཡང་ཡང་བཀོད་ནས་བདེན་དོན་ལ་ཤེས་རབ་ཀྱིས་གཅེས་སྤྲས་བྱ་རྒྱུ་དེ་ང་ཚོ་དུས་སྐབས་འདིར་ཧ་ཅང་འགངས་ཆེ་བ་མ་ཡིན་ནམ། དེས་ན་བསམ་གཞིག་ཇི་ཙམ་བཏང་བ་དེ་ཙམ་གྱིས་སྐུ་ཉིད་ཀྱི་རྩོམ་ཡིག་མང་དག་ཅིག་ལ་རིགས་པ་ཡང་དག་དང་གུ་ཡངས་དཀྱེལ་སྒམ། གཞན་ཕན་དང་ལྷག་བསམ་གྱི་རྣམ་དཔྱོད་ཀྱིས་མ་འདེང་པའི་མྱོང་ཚོར་ཡང་ཡང་སླེབ་ཀྱིན་པ་མ་ཟད། ཁྱོད་ནི་དངོས་གནས་ཁྲེལ་དང་ངོ་ཚ་ཡེ་ནས་མེད་པའི་ཤེས་རློམ་པ་ཞིག་དང་གཡམ་ལ་རྒྱུག་མཁན་མགོ་སྟོང་བ་ཞིག་ཏུ་འགྱུར་བཞིན་པ་ལས། རིགས་པ་ཡང་དག་གི་ལམ་ནས་རྒྱུ་མཚན་ལྡན་པ་ཞིག་གཏན་ནས་མཐོང་རྒྱུ་མེད་པ་དེ་དེང་སང་ཕལ་ཆེར་བློ་ལྡན་སུ་ལ་དྲིས་ཀྱང་ཡོངས་གྲགས་ཡིན་པ་བཞིན། ཁྱོད་ཀྱིས་ཀྱང་མི་འདོད་བཞིན་དུ་བདེན་དོན་དང་གནས་ལུགས་དེ་དག་གི་རིན་ཐང་སྐུ་ཉིད་ཀྱི་རྣ་བའི་བུ་གར་བསིལ་རླུང་དང་འགྲོགས་ནས་གང་ས་གང་ནས་ངང་གིས་འཛུལ་ཡོང་བ་ནི་སྨོས་མེད་ཡིན་པས་ད་དུང་འཕག་འཚག་དང་དོང་སྤྲུག་འདྲ་བྱ་རྒྱུ་ཡོད་ན་བྱོས་དང་དགེ་སྐྱོན་གང་ཡིན་སློང་དུ་འབུད་ངེས་ཡིན། དེར་བརྟེན་ཁོབོས་གོ་ཐོས་ལའང་སྐུ་ཉིད་ནས་གཏན་ཚིགས་རང་བཞིན་ལྡན་པའི་རིག་པའི་རྣམ་གཞག་གང་ཡང་མེད་པར་གཏམ་འཆལ་དང་ལོག་གཏམ་རྐྱང་རྐྱང་གིས་ཁེངས་ལ་ཉེ་བའི་དེབ་ཆུང་དེ་དག་དང་། དེར་འབྲེལ་གྱི་བསམ་ཚུལ་ལོག་པ་མང་པོ་ཞིག་ནར་མ་སོན་པའི་བོད་རིགས་གཞོན་ནུ་གང་མང་ཞིག་ལ་ཨུ་ཚུགས་དང་གཡོ་སྒྱུའི་ཐབས་ལམ་མང་པོ་བརྒྱུད་ནས། ཁྱོད་དང་ཁྱོད་འདྲ་བ་ཁ་ཅིག་ནས་ཁྱི་སྤྱང་ངན་འབྲེལ་གྱི་ལམ་ནས་དངོས་ཤུགས་བརྒྱུད་གསུམ་གྱིས་ངན་བསྐུལ་བྱེད་ཀྱིན་པ་ཡིག་ངག་གཉིས་ཀྱི་ཐོག་ནས་ཐོས་མཐོང་བྱུང་སྟབས། བསམ་སྤྱོད་དྲང་ཚུགས་ཀྱིས་བཞེངས་ཤིང་ལྟ་གྲུབ་གཏན་ཚིགས་ཀྱིས་རང་རྒྱུད་གསལ་བརྟན་དུ་བགྱིས་པའི་སློབ་གཉེར་བ་དང་ཤེས་ཡོན་ཅན་ཚོ་ལ་མཚོན་ན། སྐུ་ཉིད་ནས་ལབ་གླེང་བྱས་པའི་རྙོག་གཏམ་དེ་རིགས་ལ་ཚད་མཐོ་བའི་རིགས་པའི་འཕྲུལ་འཁོར་བསྐོར་ས་ཞིག་ནི་ཕལ་ཆེར་གཏན་ནས་མེད་འདུག་མོད། འོན་ཀྱང་བསམ་བློའི་གནས་བབ་ལ་ལྟ་གྲུབ་ཀྱི་རང་ཚུགས་མེད་མཁན་དང་ལྷག་པར་དུ་རང་མི་རིགས་དང་རིག་གནས་ལ་མོས་འདུན་ཟབ་ཀྱང་རྣམ་དཔྱོད་ཀྱི་ལང་ཚོ་སྨིན་མ་ཐུབ་པའི་གསར་བུ་ཚོ་ལ་རྫུན་མགོ་སྐོར་བྱེད་ཤ་སྟག་ཏུ་བྲིས་འདུག་ན། དོན་ངོ་མར་བཤད་སོང་ན་སྐུ་ཉིད་ནས་ཅི་ཞིག་མེད་པར་བཟོ་འདོད་ཀྱི་ཀུན་སློང་ངན་པ་དེ་དང་གང་ཞིག་རྩ་གཏོར་བྱེད་འདོད་པའི་བསམ་སྤྱོད་རུལ་སུངས་ཀྱི་རྣམ་འགྱུར་དེ་ཚོ། འདྲེ་ལོ་དགུ་ཕྲག་ཁ་ཤས་ས་འོག་ཏུ་སྦས་པའི་ཁྱི་ཕག་དང་འབུ་སྲིན་གྱི་ཤ་རུལ་ལས་ཀྱང་དྲི་ངན་ཁ་ཆེ་བ་མ་ཡིན་ནམ། སྐུ་ཉིད་ཀྱི་དབང་ཤེས་རྣམས་ལ་སྐྱོན་ཤོར་མེད་ན་གཟབ་ནན་གྱིས་ཞིབ་ཏུ་ལོངས་སུ་སྤྱོད་དང་ཚུལ་མཐུན་གྱི་ཀུན་སྤྱོད་ཅིག་དང་ཤེས་རབ་ཀྱི་འོད་ཟེར་ཕྲན་བུ་ཞིག་ཡོད་ན་བྲོ་བ་དེ་དག་ཏན་ཏན་མྱོང་ངེས་ཡིན་པར་ཐེ་ཚོམ་གཏན་ནས་མི་འདུག་གོ།

མཚམས་འདི་ནས་རིགས་ཤེས་ཀུན་གྲོལ་གྱི་དཀར་ཆག་ཏུ་ཕྱག་འཚལ་བ་ནི་བྲན་གྱི་རང་གཤིས་ཡིན་ཞེས་པའི་ཚན་པ་དེ་དང་འབྲེལ་ནས་སྐུ་ཉིད་ཀྱི་བསམ་སྦྱོར་ངན་པའི་རང་མཚང་ཁ་ཤས་གསལ་བཤད་བྱ་རྒྱུ་ཡིན། རིག་གནས་དང་རིག་གཞུང་གླེང་དུས་ཡང་དག་པའི་གཏན་ཚིགས་དང་དྲང་བདེན་དགོས་པ་ནི་གོང་ན་མེད་པའི་མཁས་པའི་དམ་ཚིག་དང་པོ་དེ་ཡིན་ངེས་ན། དོན་དངོས་ཐོག་ཁྱོད་ཀྱིས་ཅི་ཞིག་ལ་བྲན་གཡོག་དང་ཅིའི་ཕྱིར་བྲན་གཡོག་ཏུ་འགྱུར་གྱི་ཡོད་མེད་སོགས་ཀྱི་སྐོར་ལ་ཚིག་གཅིག་གིས་བཤད་ན། སྐད་ཆ་དྲང་པོ་ཞིག་གཏན་ནས་བཤད་མི་འདུག་པ་མ་ཟད་དཀྲོག་གཏམ་དང་ཧོམ་བཤད་རྐྱང་རྐྱང་གིས་གནས་ལུགས་དང་དྲང་བདེན་ཡོད་ཚད་ས་འོག་ཏུ་སྦ་ཅི་ཐུབ་བྱས་འདུག་པ་དེ་རེད། ཨ་ཁ་ཁ་སྐུ་ཞབས་ལགས། ཁྱེད་ཀྱིས་རྩ་ཆེན་གྱི་རིག་གཞུང་འདི་དང་བྱམས་བརྩེ་དང་ཞི་བདེའི་རིག་གནས་འདི་རིགས་ལ་ཅིའི་ཕྱིར་ཞེ་གཏིང་ནས་འདི་འདྲ་སྡང་དགོས་སམ། ལྟོས་དང་། ཕྱག་འཚལ་བ་ནི་བྲན་གྱི་རང་གཤིས་ཉིད་ཅེས་པའི་ཁ་བྱང་འདི་མཐོང་བ་ཙམ་གྱིས་ཁྱེད་ནི་ངོ་མ་ཡ་རབས་བཟང་སྤྱོད་ཀྱིས་དབུལ་ཞིང་ཕོངས་པའི་ཤེས་རློམ་པ་ཞིག་ཡིན་པར་ཝ་ལེར་གསལ་ཡོང་། ཁྱེད་དང་ཁྱེད་ཅག་གིས་སྐྱེ་བ་དང་ཚེ་རབས་དེ་རྣམས་ཁས་ལེན་དང་མ་ལེན་དེ་སྒེར་རང་ཉིད་ཀྱི་འདོད་མོས་ཡིན་མོད། འོན་ཀྱང་བདེ་སྡུག་འདྲེས་མའི་ཚེ་སྲོག་འདིར་བྱམས་བརྩེ་ངོ་མ་ཞིག་དང་ཞི་བདེ་ཚད་ལྡན་ཞིག་དགོས་རྒྱུ་དེར་འོ་སྐོལ་ཚང་མ་སེམས་པ་རྡོ་ལས་གྲུབ་པ་ཞིག་མིན་ན་གཅིག་མཚུངས་ཡིན་རྒྱུ་རེད། དེར་བརྟེན་ཁྱོད་ཀྱིས་མ་ཤེས་པ་དང་ཁྱོད་ཀྱིས་མ་མཐོང་བ་ཙམ་གྱིས་དེ་དང་དེ་རིགས་གཏན་མེད་དུ་ནི་འགྲོ་མི་སྲིད་དེ་། མ་མཐོང་ཕྱིར་ན་མེད་མ་ཡིན།། ཞེས་གསུངས་པ་ཉིད་ནི་ཤར་ནུབ་ཀྱི་རིགས་པ་སྨྲ་བ་ཀུན་ལ་མཐུན་སྣང་དུ་གྲུབ་པས་སོ།།

 

ཁྱོད་ཀྱིས་མ་མཐོང་བ་དང་ཁྱོད་ཀྱིས་ཁས་མ་ལེན་པ་ཙམ་ལ་ཧ་ལས་རྒྱུ་དང་ཧོན་ཐོར་རྒྱུ་ཅི་ཡང་མི་འདུག་ལ་དེ་ལྟར་ཡོད་པར་མཐོང་མཁན་སྲིད་ནའང་དེ་ནི་འཁྲུལ་བའི་འཁྲུལ་བ་མཐར་ཐུག་པ་ཞིག་ལས་གཞན་ཅི་ཞིག་ཡིན། འོན་ཀྱང་སྐྱེ་འགྲོ་སྤྱི་དང་འགྲོ་བ་མིའི་ལུས་སེམས་ལ་བདེ་སྐྱིད་རྣལ་མ་ཞིག་དགོས་རྒྱུ་དེ་ནི་འཚོ་གནས་ཀྱི་སྙིང་པོ་ནང་གི་སྙིང་པོ་ཡིན་པས། གལ་ཏེ་མེས་དམ་པའི་ཞི་བདེའི་རིག་གནས་འདིས་གནའ་ནས་ད་བར་དུ་དེ་ལྟ་བུའི་བདེ་སྐྱིད་རྫོགས་མེད་ཅིག་སྐྱེ་འགྲོ་གྲངས་མེད་ཅིག་ལ་རྒྱུན་ཆད་མེད་པར་སྟེར་ཀྱིན་སྟེར་ཀྱིན་ཡོང་བཞིན་ཡོད་ན། ཁྱོད་ཀྱིས་རིག་གནས་འདི་དང་རིག་གནས་འདིས་བཞག་པའི་བག་ཆགས་ཐམས་ཅད་ཅིའི་ཕྱིར་དོང་ནས་སྤྲུག་དགོས་པ་དང་གཏོར་བཤིག་ཏུ་གཏོང་དགོས་སམ། དེ་ལྟ་བུ་གཏོར་བཤིག་གཏོང་ཕོད་པའི་སྡར་མའི་སེམས་ཁམས་དེ་འགྲོ་བ་མིའི་བཟང་སྤྱོད་དང་མཐུན་པའི་བྱ་གཞག་ཅིག་ཏུ་ཇི་ལྟར་ངོས་འཛིན་བྱེད་དགོས་སམ། སྐུ་ཞབས་ལགས། བཟང་སྤྱོད་དང་བྲལ་དུས་མི་ལ་ངོ་ཚ་མེད་ལ་བཟང་སྤྱོད་དང་བྲལ་དུས་མི་ལ་མིའི་རིན་ཐང་ཟེར་བ་ཞིག་གཏན་ནས་ཡོད་མི་སྲིད། ངའི་སྐད་ཆ་འདི་ང་ཚོའི་ཡབ་མེས་ཀྱིས་བཞག་པའི་ཀུན་སྤྱོད་བཟང་པོ་དེ་རིགས་ལ་ཡང་དག་རིགས་པའི་ལམ་ནས་དུང་བ་ཟབ་ཅིང་ཡིད་སྨོན་འཆོར་གྱིན་པའི་སྐྱེ་འགྲོ་ཀུན་གྱི་ཚབ་བྱས་ཏེ་ཤོད་ཀྱིན་ཡོད་པས། སྐུ་ཞབས་ཁྱེད་ལ་མི་རིགས་འདི་དང་མི་རིགས་འདིའི་རིག་གནས་ཡོངས་ལ་འགན་འཁྲི་ཡང་དག་པ་ཞིག་འཁུར་སྙིང་འདོད་པའི་སྤོབས་པ་དང་སྙིང་སྟོབས་ཡོད་ན། ད་དུང་ཆེས་མཐོ་ས་དང་ཆེས་ཟབ་ས་ཆེས་ཞིབ་ས་དག་ཏུ་འཚོལ་ཞིབ་མ་ནོར་བ་རེ་ངེས་པར་དུ་བྱེད་དགོས་པའི་གནས་མང་པོ་ཡོད་པས། ཕ་བཟང་བླ་མ་འདར་ཀླད་པ་མ་འགེམས་སོང་ན་བསམ་གཞིག་གང་མང་གནང་རོགས་ཞེས་ཞུ་འདོད་བྱུང་། ཡ་རབས་ཀྱི་བཟང་སྤྱོད་ནི་ཤེས་ཡོན་ལས་ཀྱང་ཧ་ཅང་གལ་ཆེན་ཡིན་པ་དེ་ཁྱོད་ཀྱིས་ནམ་དུས་ཡང་སེམས་ནས་བསྐྱུད་མི་རུང་། འགྲོ་བ་མིའི་བཟང་སྤྱོད་ནི་གཞན་ཕན་གྱི་བསམ་བློ་ལས་སྐྱེས་དགོས་པ་དང་གཞན་ཕན་གྱི་བསམ་བློ་ནི་གཞན་ལ་ལྟོ་གོས་གཏམ་གསུམ་དང་འགྲོ་འདུག་ཉལ་གསུམ་གྱི་རོགས་ཕན་བྱེད་པ་ཙམ་ལ་གོ་མི་རུང་ལ། དེ་ལྟར་གོ་སོང་ན་མི་དང་དུད་འགྲོ་བར་ལ་ཁྱད་པར་ཅི་ཡང་མེད་པ་ཞིག་ཏུ་འགྱུར་ཉེན་ཆེ་སྟེ། ས་སྐྱ་ལེགས་བཤད་ལས། རྟག་ཏུ་གཞན་དོན་མི་སེམས་པ།། དེ་ཡི་སྤྱོད་པ་ཕྱུགས་དང་མཚུངས།། བཟའ་བཏུང་འབའ་ཞིག་དུད་འགྲོས་ཀྱང་།། བསྒྲུབ་པ་ནུས་པ་མ་ཡིན་ནམ།། ཞེས་གསུངས་པའི་བསླབ་བྱ་དེ་ཡང་སྐུ་ཞབས་ཁྱེད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒོ་ཀུན་ལ་དུས་རྟག་ཏུ་རང་གིས་གཅེས་པར་འོས་པའི་མཛའ་མོ་བཞིན་དུ་གཅེས་སྐྱོང་ཐུབ་ན་ཅུང་ཙམ་ཕན་ནའང་ཐང་མ་གཏོགས་གཞན་ཉན་ཁ་ཤིན་ཏུ་ཆེ་བར་སྣང་། དེབ་ཆུང་རིགས་ཤེས་ཀུན་གྲོལ་དུ་ཁྱོད་ཀྱིས་འདི་ལྟར་བྲིས་འདུག ཁྱོད་བྲན་གཡོག་ཨེ་ཡིན། ཁྱོད་བྲན་གཡོག་བྱས་ན་ཨེ་འདོད། ཁྱོད་ལ་བྲན་གཡོག་གི་གཤིས་ཀ་མི་འདུག་གམ། ཞེས་སོགས་འདྲ་ཆགས་ཆགས་ཀྱི་དྲི་བ་ཉི་ཚེ་བ་རེ་དྲིས་ཁུལ་བྱས་ཏེ་དེ་ལ་ལན་ཡང་དེ་མཚུངས་སུ་ང་བྲན་གཡོག་མིན། ང་བྲན་གཡོག་བྱེད་མི་འདོད། ང་ལ་བྲན་གཤིས་མེད་ཅེས་བརྒྱ་ཁ་གཅིག་གྲག་གིས་ལན་འདེབས་རྒྱུ་རེད་ཅེས་རང་གི་དྲི་ལ་རང་གིས་ཐག་གཅོད་བྱས་འདུག་ནའང་། སྐུ་ཞབས་ལགས། ཁྱོད་དང་ཁྱོད་ལྟ་བུ་ངན་པ་ཁོག་བཅང་བྱེད་མཁན་དག་མ་གཏོགས་གཞན་སུ་ཞིག་གིས་ལན་འདེབས་དེ་ལྟར་བྱེད་འོས། གཅིག་བྱས་ན་འདི་ནི་ཕལ་ཆེར་ཁྱོད་རང་གི་མི་ཚེ་འདིའི་མི་གཤིས་མཐར་ཐུག་དེ་ཡིན་སྲིད་ནའང་ཐང་། དྲིན་ཆེན་ཕ་མའི་བྱམས་བརྩེ་ལ་བརྟེན་ནས་འཚར་ཞིང་ལང་ཚོ་རྒྱས་ཏེ་མི་ལོ་བཅུ་ཕྲག་ཁ་ཤས་རིང་རིག་གནས་སྦྱངས་སྦྱངས་པ་ལས་མཐའ་མ་དེར་སླེབས་དུས། ཡ་རབས་ཀུན་སྤྱོད་དང་མ་འོངས་པའི་དགེ་མཚན་རིགས་ལ་འགན་ཁུར་གཏན་ནས་མི་དགོས་པར་སྣང་བ་གང་དྲན་གྱི་སྒོ་ནས་ངན་སྐུལ་བྱེད་མཁན་བྱེད་ཀྱི་གཏེ་བོ་ཞིག་ཏུ་གྱུར་སོང་བ་འདི་ནི། མི་རིགས་ཤིག་ལ་ཤ་ཚ་དང་སེམས་ཁུར། རིག་གནས་ཤིག་ལ་འགན་ཁུར་དང་དར་སྤེལ་བྱེད་མཁན་ཡིན་པ་ཕར་ཞོག་ཐ་ན་བྱམས་ལྡན་ཕ་མའི་ནུ་རིན་དང་ཟས་རིན་ཙམ་ཡང་འཇལ་ཐུབ་མི་འདུག་པ་ནི་ཕྱི་ཐག་རིང་ཞིང་དྲིན་གཟོ་ཅན་གྱི་ཤེས་ལྡན་པ་ཚོ་ལ་མཚོན་ལ་ཡིད་སྐྱོ་དགོས་པའི་གནས་སུ་གྱུར་པ་དེ་ཡང་མི་རིགས་ཀྱི་ཀུན་སྤྱོད་ཀྱིས་མ་འགྲིག་པ་ཡིན་པར་ཤེས་དགོས། སྐུ་ཞབས་རང་ཉིད་གང་ཞིག་རྒྱུ་མཚན་དུ་བྱས་ནས་མི་རིགས་ཤིག་གི་རིག་གནས་ཀྱི་སྙིང་བཅུད་ལ་སྡང་སེམས་འདི་ལྟར་སྐྱེས་དགོས་དོན་གང་ཡིན་ནམ། འདིར་མཐར་གཏུགས་ནས་བཤད་ན་གཙོ་བོ་ཞོགས་དུང་རང་ངོས་ནས་ནང་ཆོས་ལ་དད་པ་དང་ཡིད་ཆེས་མེད་པ་ཙམ་དུ་མ་ཟད། ལྷག་པར་དུ་སྐྱོན་ཚབས་ཆེ་ཤོས་དེ་ནང་ཆོས་སྦྱོང་འདོད་མེད་པ་དང་སྦྱངས་ཀྱང་ནང་ཆོས་ཀྱི་རིན་ཐང་ངོ་མ་དེ་ཤེས་རྟོགས་མ་ཐུབ་པ་ལ་ཐུག་འདུག་པ་འདི་རེད། འོན་ཀྱང་སྐུ་ཞབས་ཞོགས་དུང་ནས་ད་དུང་དེ་ཉིད་ཁས་མ་བླངས་པ་ཙམ་དུ་མ་ཟད་གཏམ་དྲང་པོར་མ་བཤད་པ་དེ་ནི་ཡ་རབས་ཀུན་སྤྱོད་ཀྱི་ཐད་ནས་བཤད་སོང་ན་ཇི་འདྲ་བའི་ནོར་འཁྲུལ་ཚབས་ཆེན་ཞིག་མ་རེད་ཨང་། མདོར་བསྡུས་ན་སྐུ་ཞབས་ཞོགས་དུང་ཁོ་རང་ནང་དོན་རིག་པ་ལ་དོན་གཉེར་མེད་པ་དང་དོན་དུ་གཉེར་ནའང་རང་གིས་ཤེས་རྟོགས་མ་ཐུབ་པའི་ནོར་འཁྲུལ་གྱི་བསམ་བློ་དེ་རིགས་རང་སྐྱོན་ཡིན་པར་ངོས་ལེན་མ་ཕོད་པར། ངན་ཁག་ཡོད་ཚད་ཐམས་ཅད་པོ་ནང་ཆོས་ཀྱིས་མ་འགྲིག་པ་དང་ནང་ཆོས་ཀྱིས་མ་འཇོན་པར་ཁ་གཡར་བ་ནི་ཇི་འདྲ་བའི་བསོད་ནམས་ཟད་ཅིང་རིགས་རུས་ངན་པའི་སྐྱེ་བོ་ཆེས་ཐ་ཤལ་བ་ཞིག་ཏུ་གྱུར་སོང་བ་མ་རེད་དམ། དེ་ཡང་སྐྱ་ལེགས་བཤད་ལས། བསོད་ནམས་འཛད་ན་ངན་སེམས་སྐྱེ།། རིགས་འཛད་པ་ན་བུ་ངན་སྐྱེ།། ནོར་འཛད་པ་ན་རྐམ་ཆགས་སྐྱེ།། ཚེ་འཛད་པ་ན་འཆི་ལྟས་འབྱུང་།། ཞེས་གསུངས་པའི་ལུང་བསྟན་འདི་ཉིད་སྐུ་ཞབས་ཁྱོད་ཀྱི་རང་བཞིན་མཚོན་བྱེད་གོང་ན་མེད་པ་ཞིག་ཏུ་གྲུབ་འདུག་པས་ཡང་ནས་ཡང་དུ་ཉམས་བཞེས་གནང་གལ་མི་ཆེའམ། ཁྱོད་ཀྱིས་དཔྱོད་ཤེས་རྒྱང་འབོད་ལས་བག་ཆགས་དོང་སྤྲུག་དགོས་པ་དང་བག་ཆགས་ནི་སེམས་བྱུང་ཐམས་ཅད་ཀྱི་རྩ་བ་རེད། རྩ་བ་མ་འགྲིག་ན་ཡན་ལག་ལེགས་པོ་ཞིག་འོང་དཀའ་མོ་རེད། རྗེས་ལུས་ཀྱི་གནས་སྟངས་བསྒྱུར་དགོས་ན་བག་ཆགས་རྙིང་པ་དེ་དག་གཞོམ་དགོས་ཟེར་བ་ཡིན་ཞེས་འུད་སྒྲོག་དང་སྡར་མའི་ངར་སྐད་ཝ་སྐྱེས་ཀྱི་གཡོ་སྒྱུ་ལྟར་ཤིན་ཏུ་འགྲིག་འགྲིག་གི་ཚུལ་དུ་ཆག་གཏམ་གྱིས་ཕུ་དཀྲུག་མདའ་དཀྲུག་བྱས་འདུག་ཀྱང་། དོན་དུ་རྡོ་བཙོས་ཀྱང་ཁུ་བ་དོན་རྒྱུ་མེད་པ་དེ་ཁྱེད་ཀྱིས་ཀྱང་ཆུང་བྱིས་པའི་དུས་ནས་ལོས་ཤེས་ཡོད། ཁྱོད་ཀྱི་དེབ་ཆུང་དེ་དག་ནང་དུ་ཚིག་གི་སྦྱོར་བ་འགྲིག་འགྲིག་བགྱིས་པ་ཙམ་ལས་གཏན་ཚིགས་རང་བཞིན་ལྡན་པའི་དོན་གྱི་སྙིང་པོ་ནི་ཅུང་ཟད་ཙམ་ཡང་རིགས་པའི་ལམ་ནས་མཐོང་དུ་མེད་དེ། ཚུལ་གསུམ་གྱི་རིགས་པ་ཡང་དག་ལ་སྦྱར་ནས་རྒྱུ་མ་ཕུ་འདེད་བྱེད་རིན་མེད་པ་དང་གལ་ཏེ་བྱས་ཀྱང་། རྟགས་མ་ངེས་པ་དང་། མ་གྲུབ་པ། མ་ཁྱབ་པ་རྐྱང་རྐྱང་གིས་ཡོངས་སུ་གཏམས་འདུག་པས་སོ།།

 

ད་བར་འཛམ་གླིང་ན་གནའ་དེེང་གི་རིག་གནས་གང་གིས་ཀྱང་བསྒྲུན་དུ་མི་བཟོད་པའི་རི་བོ་གངས་ཅན་གྱི་ཁྱད་ནོར་འདི་ལ་སྐུ་ཞབས་ཁྱོད་ཀྱིས་དེ་ཙམ་ཞེ་གཏིང་ནས་སྡང་སེམས་བཅངས་ཤིང་། ལས་ངན་གསོག་དགོས་པའི་བརྒྱུད་བསྐུལ་ངན་པ་འདི་སུ་ཞིག་གིས་ཁྱོད་ཀྱི་གཉའ་བར་མི་འདོད་བཞིན་དུ་བཙན་གྱིས་འགེལ་གྱིན་པ་ཡིན་ནམ། ཡང་ན་གནས་ལུགས་ལ་དཔྱད་པའི་སྐུ་ཉིད་ཀྱི་རྣམ་དཔྱོད་ཀྱིས་མ་འདེང་པར་རང་བཞིན་རྗེན་པར་གསལ་བ་གང་ཡིན། ཁྱེད་ཀྱིས་གཏམ་བཤད་ཚད་ཐམས་ཅད་བདེན་པར་འགྱུར་བའི་གནས་ལུགས་ལོག་པའི་ཟློས་གར་དེ་མ་འཁྲབ་ན་མ་ཆོག་ཅི་ཡིན། ད་དུང་སྐུ་ཞབས་ཁྱོད་ཀྱིས་དཔྱོད་ཤེས་རྒྱང་འབོད་ཀྱི་མགོར། གནས་ལུགས་ཇི་ལྟར་ཤུགས་ཆེ་ན།། དུང་ཞེན་ལ་ནི་དེ་ལྟར་གནོད།། ཅེས་འདྲ་ཆགས་ཆགས་ཤིག་བྲིས་འདུག་ཀྱང་དེའི་ནང་གི་དྲི་བ་འགའི་དྲིས་ལན་ཞེས་པའི་སྐབས་སུ་ཁྱེད་ཀྱིས་འདི་ལྟར་རང་ཚིག་འགལ་བའི་རྙོག་གཏམ་བཤད་འདུག་སྟེ། བློ་ཡིད་ཆེས་པའི་གནས་ལུགས་ཤིག་བཤད་རྒྱུ་མེད་ན་ཚོད་ཚོད་དུ་ཐོན་པའི་དུངས་ཞེན་གྱི་སྐད་ཆ་ཙམ་གྱིས་ཅི་ལ་ཕན་ཞེས་རང་ཚིག་དངོས་འགལ་དུ་བཤད་པ་འདི་འདྲ། སྐུ་ཞབས་ཁྱོད་རང་ནང་ཆོས་ལ་སྡང་སེམས་ཆེ་དྲགས་པའི་སྐབས་སུ་དུ་ཆང་དང་མཉམ་དུ་རང་དབང་མེད་པར་ཤོར་སོང་བ་ཙམ་ཞིག་ཡིན་པར་སྨོན་ན་མ་གཏོགས། གནས་ལུགས་ཆེ་ས་དང་རྒྱུ་འབྲས་ཞིབ་ས་ནས་ཁྱེད་ལ་ཚུལ་མཐུན་གྱི་རྐུབ་སྟེགས་ཤིག་གཏན་ནས་རག་མི་སྲིད་ལ། ཨ་ཁ་ཁ་དེ་ལས་ཀྱང་གཟབ་དགོས་པ་ནི་བློ་ལྡན་རྣམས་ཀྱིས་མཐོང་ན་ངོ་ཚ་ཞིང་ཁ་ཡང་མི་སྐྱེངས་སམ། མ་གཞིར་འཇིག་རྟེན་ན་བདེན་དོན་གྱི་ལམ་དུ་འཁྲིད་མཁན་ནི་བྱམས་བརྩེ་ལ་དུངས་བ་ཟབ་ཅིང་གནས་ལུགས་ལ་ཡིད་རྟོན་བཅོལ་མཁན་ཁོ་ན་ཡིན་པ་ལྟར། དེ་ལས་ལྡོག་སྟེ་ལོག་ལམ་དུ་སྣེ་ཁྲིད་བྱེད་མཁན་ནི་ཁ་ཕོར་དང་སྟོང་གཏམ་རྐྱང་རྐྱང་གིས་མང་ཚོགས་མགོ་རྨོངས་སུ་འཇུག་མཁན་མགོ་སྟོང་བ་ཚོ་ཡིན་པ་དང་། དེ་དག་གི་རྗེས་འཇུག་པའང་ཡ་རབས་ཀུན་སྤྱོད་མེད་ཅིང་གནས་ལུགས་ལ་ལོག་པར་ལྟ་མཁན་ཤ་སྟག་བྱུང་བ་ཡིན་མིན་ཐད་ལ། འདིར་རྒྱས་བཤད་མ་དགོས་པར་རིགས་པའི་སྲང་མདའ་ལས་ཤེས་རྟོགས་ཐུབ་ངེས་ཡིན་པ་ནི་འགྲོ་བ་མིའི་རྣམ་དཔྱོད་ཀྱི་རིན་ཐང་མངོན་པར་གསལ་བའི་གནས་བབ་ལས་རྟོགས་ཐུབ་ཀྱང་། རིག་པའི་གནས་ལ་དཔྱོད་པའི་སྐུ་ཞབས་ཞོགས་དུང་གི་བསམ་བློའི་གནས་བབ་དེ་ནི་ཚེ་འདི་ཕྱི་ལས་རྒྱུ་འབྲས་མེད་པར་སྨྲ་བའི་ཆད་ལྟ་བ་མུ་སྟེགས་རྒྱང་འཕེན་པའི་བསམ་བློའི་ར་བ་ཙམ་ལས་ཀྱང་གཏན་ནས་བརྒལ་ཐུབ་མེད་པ་དེ་ཤིན་ཏུ་མངོན་གསལ་རེད། གནས་ལུགས་ཀྱི་ལམ་ནས་འདི་ལྟར་བསམ་གཞིག་བྱེད་དུས་སྐུ་ཞབས་ཁྱོད་ཀྱིས་བྲིས་པའི་དེབ་དཔྱོད་ཤེས་རྒྱང་འབོད་ཅེས་མིང་དེ་ལྟར་བཏགས་པ་དེ་ཤིན་ཏུ་ནོར་འཁྲུལ་དུ་གྱུར་འདུག་སྟེ། རྒྱུ་འབྲས་དང་གནས་ལུགས་མི་མཐུན་པའི་མིང་དུ་གྱུར་པ་རེད། དེ་ལས་ཆེས་འོས་ཤིང་འཚམ་པའི་མིང་དེ་མཐའ་མའི་ཚིག་དེའི་དབྱངས་ཡིག་བཞི་པ་དང་གཉིས་པ་གཉིས་བསྒྱུར་ནས་དཔྱོད་ཤེས་རྒྱང་འབུད་ཅེས་གདག་ན་ལྷག་པར་དོན་ལྡན་དུ་འགྱུར་ངེས་ཡིན་དེ། དེབ་དེའི་བརྗོད་བྱའི་བབ་དང་འགན་ཁུར་མེད་པའི་ཀུན་སྤྱོད་སོགས་དང་ཧ་ཅང་མཐུན་ངེས་ཡིན། དེབ་དེའི་ནང་དུ་ལས་རྒྱུ་འབྲས་དང་ཡ་རབས་བཟང་སྤྱོད་དྲང་བདེན་དང་གནས་ལུགས་བྱམས་བརྩེ་དང་ཤེས་རབ་ཀྱིས་ཡོངས་སུ་གཏམས་པའི་ཐུན་མིན་གྱི་རིག་གནས་འདི་རྣམས། ཇི་ལྟར་ཕུང་གྲོལ་གཏོང་དགོས་མིན་དང་ཇི་ལྟར་རྩ་མེད་རྒྱང་འབུད་དུ་གཏོང་དགོས་ཚུལ་དང་རྒྱབ་འགལ་བྱེད་སྟངས་སོགས་མདོར་ན་ལོག་བཤད་དང་ཉེས་བཤད་རྐྱང་རྐྱང་གིས་བཀང་འདུག་པས་སོ།།

 

མི་རིགས་ཀྱི་འཕེལ་རྒྱས་ངོ་མ་ནི་ནང་སེམས་ཀྱི་དཔལ་ཡོན་ཕུན་སུམ་ཚོགས་པར་བྱ་རྒྱུ་དེ་ཡིན། ནང་སེམས་ཀྱི་དཔལ་ཡོན་ཕུན་སུམ་ཚོགས་པར་བྱེད་དགོས་ན་དེ་ལ་ངེས་པར་དུ་ཞི་བདེའི་བསམ་བློ་དགོས་པ་རེད། ཞི་བདེའི་བསམ་བློ་ལ་བརྟེན་ནས་ཞི་བདེའི་རིག་གནས་དང་ཞི་བདེའི་ཞི་བདེའི་རིག་གནས་ལ་བརྟེན་ནས་ཞི་བདེའི་ལྟ་གྲུབ་ཚད་ལྡན་ཡོང་བ་དང་། དེ་ལ་བརྟེན་ནས་ཞི་བདེའི་གོམས་སྲོལ་བཟང་པོ་ཆགས་ཐུབ་པའི་རྒྱུ་འབྲས་དང་གནས་ལུགས་ཀྱི་གོ་རིམ་མང་པོ་བརྒྱུད་དགོས་པ་ཡིན། སྐུ་ཞབས་ཁྱེད་ཀྱིས་དཔྱོད་ཤེས་རྒྱང་འབོད་དུ་འཚོ་གནས་ཀྱི་གནད་དོན་ཞེས་པ་དེ་འཕེལ་རྒྱས་ཀྱི་གནད་དོན་རེད། འཕེལ་རྒྱས་ཞེས་པའང་གཙོ་ཆེར་དངོས་པོའི་དཔལ་ཡོན་ཀྱི་ཆ་ནས་བཤད་ཀྱི་འདུག་ཅེས་འདྲ་ཆགས་ཆགས་ཤིག་བཤད་ཁུལ་བྱས་ཀྱང། འཚོ་གནས་ཀྱི་གནད་དོན་དེ་འཕེལ་རྒྱས་ཡིན་པ་དང་འཕེལ་རྒྱས་དེ་དངོས་པོའི་དཔལ་ཡོན་ནས་བཤད་དེ་སྐུ་ཉིད་ཀྱི་ཞེ་འདོད་ཙམ་ལས་ངེས་པར་དོན་གྱི་མཁས་པའི་དབང་པོ་སུ་ཞིག་གིས་དེ་ལྟར་གསལ་བཤད་བྱས་པ་དང་སེམས་ཅན་སུ་ཞིག་གིས་མྱོང་བས་གྲུབ་འདུག་གམ། ལོག་བཤད་བྱེད་པར་དགའ་དྲགས་པ་ཡིན་ནམ་རྣམ་སྨིན་དུས་སུ་སྨིན་པ་ཡིན་ཅི་ཆ། དོན་དངོས་ཐོག་འཚོ་གནས་ཀྱི་གནད་དོན་ནི་བདེ་སྐྱིད་རེད་ལ་བདེ་སྐྱིད་ཞེས་པ་དེའང་ཁུངས་གཏུགས་ནས་རྗེས་དེད་སོང་ན། ནང་སེམས་ཀྱི་དཔལ་ཡོན་ལེགས་ཉེས་ལ་ཐུག་ཡོད་དེ། ཚེ་སྲོག་འདི་མུ་མཐུད་ནས་འཇིག་རྟེན་འདིར་འཚོ་བ་ལ་བདེ་སྐྱིད་དགོས་པ་རེད། བདེ་སྐྱིད་མེད་ན་འཚོ་གནས་ལ་སྙིང་པོ་ཡོད་མི་སྲིད་པ་ནི་མཐོང་ཆོས་རེད། འཇིག་རྟེན་པ་ཡིན་ནའང་འདྲ། ཆོས་ལུགས་པ་ཡིན་ནའང་འདྲ་གང་ལྟར་སེམས་ལྡན་སུ་འདྲ་ཞིག་ཡིན་ནའང་དེ་ལ་ངེས་པར་དུ་ལུས་སེམས་གཉིས་ལ་བདེ་སྐྱིད་དགོས་པ་ནི་འཚོ་བའི་ཆ་རྐྱེན་དང་པོ་ནང་གི་དང་པོ་ཡིན་པར་སྐྱེ་འགྲོ་སྲོག་ཆགས་ཀུན་ལ་ལྷན་སྐྱེས་སུ་གྲུབ་ཡོད་པ་ལ་སྟོབས་ལྡན་སུ་ཞིག་གིས་མངོན་སུམ་ལ་བསྙོན་ནས་སྒྲོ་འདོགས་དང་ངན་སྨྲ་བྱས་ཏེ་བཅོས་བསྒྱུར་བྱེད་ནུས་སམ། སྐུ་ཞབས་ཞོགས་དུང་ལགས། ད་ནི་གནས་ལུགས་དང་འཕོ་འགྱུར་གཞན་ཞིག་ནས་གླེང་ན་དེ་ནི་ཁྱོད་ཀྱིས་བྲིས་པའི་གནམ་ས་གོ་འབྱེད་སྐོར་དེ་ཡིན། དེབ་ཆུང་འདིའི་ནང་དུ་སྐུ་ཉིད་ནས་ཤར་ནུབ་གཉིས་ཀྱི་ལོ་ཚིགས་དང་དུས་འགྱུར་ལྷན་དུ་སྦྱར་ཏེ་བོད་མི་རིགས་ཀྱི་གནསབབ་ཐད་ལ་དཔྱད་པ་ཅུང་ཞིབ་ཚགས་བྱས་འདུག་མོད། འོན་ཀྱང་ད་དུང་ཁྱོད་ཀྱི་སེམས་ཀྱི་ཟབ་ས་དང་མི་གཤིས་ཀྱི་མཐིལ་དུ་གསུབ་ཏུ་མེད་པའི་རིག་གནས་ཤིག་ཡོད་པ་ནི་སྒེར་གཅོད་དང་རྒྱལ་ཞེན། མི་རིགས་རིང་ལུགས་དང་ཀུན་སྤྱོད་མེད་པའི་འདུ་ཤེས་ཆེས་མཁྲེགས་འཛིན་ཅན་ཞིག་པ་དེ་རིགས་རེད། ཁྱོད་ཀྱིས་མི་རིགས་མི་རིགས་ཞེས་རྒྱལ་ཞེན་ཆེན་པོ་བྱེད་ནའང་དེ་ནི་མི་རིགས་འཐབ་རྩོད་ཀྱི་འདུ་ཤེས་རྙིང་པ་ཆེས་འཇིགས་སུ་རུང་བ་ཞིག་ཡིན་པ་མ་ཟད། སྔོན་ཐོན་དང་གསར་གཏོད་སོགས་ཁྱད་དུ་འཕགས་པ་དེ་འདྲ་རྩ་བ་ཉིད་ནས་མིན་དེ། རྒྱུ་མཚན་ནི་རྒྱལ་ཕམ་ཙམ་གྱི་འཐབ་རྩོད་ཅིག་རེད་ལ། གཅིག་རྒྱལ་བ་དང་གཅིག་ཕམ་པར་བྱས་པ་ཙམ་ལ་བདེན་དོན་གྱི་གནས་ལུགས་ལ་གཞིགས་ན་དགེ་མཚན་གང་ཡང་མེད་པ་རེད།དེར་བརྟེན་ཡར་དེད་བཙན་པོའི་སྐབས་སུ་གདོང་དམར་ཚོས་རྒྱ་ནག་གི་རྒྱལ་ས་འཕྲོག་བཅོམ་བྱས་པའི་ལོ་རྒྱུས་དེ་ནང་ཆོས་མེད་པའི་རིག་གནས་ཀྱི་ལག་རྗེས་ཡིན་ཁུལ་དང་། གློ་བུར་དུ་མི་ལོ་ལྔ་བཅུ་ཡར་སྔོན་དུ་སླར་ཡང་གདོང་དམར་ཚོ་རྒྱལ་བ་ལས་ཕམ་སོང་བའི་ལོ་རྒྱུས་ཀྱི་གནས་བབ་ངོ་མ་དེ་རིགས། ཁྱོད་ཀྱིས་བལྟས་ན་ཡོད་ཚད་རིག་གནས་ཀྱིས་མ་འགྲིག་པ་དང་རིག་གནས་དེ་ཡང་མཐར་གཏུགས་ན། ནང་ཆོས་ལ་ཐུག་ཡོད་པའི་སྒེར་གཅོད་ཀྱི་དཔྱོད་ཤེས་རྫོབ་པོ་དེ་ད་དུང་འདོར་ཐུབ་མེད་པ་ནི། དུས་རབས་རིམ་བྱོན་གྱི་གུ་ཡངས་དཀྱེལ་སྒམ་ཅན་གྱི་རྒས་རབས་པ་དང་གཞོན་རབས་པ་ཚོ་ལ་མཚོན་ན་སྐུ་ཞབས་ཁྱེད་ཀྱི་བསམ་བློའི་གནས་བབ་དེ་ཡང་ཞན་ཆ་ཆེ་བ་ལས་ཚད་ལྡན་གྱི་སྔོན་ཐོན་དང་རྟོགས་སད་རྣལ་མ་ཞིག་གཏན་ནས་མིན་པར་སེམས། གནམ་ས་གོ་འབྱེད་དུ་ཁྱོད་ཀྱིས་སེམས་དཔའ་ཆེན་པོ་གན་དྷིའི་ལྟ་སྤྱོད་སྐོར་ལ་ཉམས་ཞིབ་ཟབ་ཙམ་བྱས་པ་མངོན་ནའང། དོན་དུ་ཁྱོད་ལ་སྒེར་གཅོད་མེད་པར་ཀུན་སྤྱོད་དང་བདེན་དོན་དངོས་དེ་ལག་ཏུ་ལེན་ཕོད་པའི་སྙིང་སྟོབས་ཇི་ཙམ་ཡོད་མེད་ད་དུང་ཡང་ཐེ་ཚོམ་ཡིན། དེའི་རྒྱུ་མཚན་ནི་སེམས་དཔའ་ཆེན་པོས་ནམ་ཡིན་ཡང་ཀུན་སྤྱོད་ནི་ཐམས་ཅད་ཀྱི་རྨང་གཞི་ཡིན་པ་དང་བདེན་པ་ནི་དེའི་རང་བཞིན་ཡིན་པར་ཉམས་བཞེས་གནང་ནའང་། སྐུ་ཉིད་ནི་བོད་མི་རིགས་འདི་ཉིད་མ་འགྲིག་མ་འཐུས་པ་ཚང་མ་ནང་ཆོས་དང་དེས་བཞག་པའི་ཀུན་སྤྱོད་ཀྱི་བྱས་ཉེས་སུ་བགྲང་ཡོང་བ་ནི་སྐུ་ཉིད་ཀྱི་ཀུན་སྤྱོད་ཀྱིས་མ་འགྲིགས་སོང་བ་དེ་ངེས་པར་དུ་ཤེས་རྟོགས་དགོས་གལ་ཆེ། ད་འདི་ལྟར་གླེང་ན་སྐུ་ཞབས་ཁྱོད་དང་ཁྱོད་ཀྱི་དཔུང་ཁག་ཐམས་ཅད་པོ་བདེན་པ་དང་ཀུན་སྤྱོད་ལས་ཕམ་པ་ཡིན་པས། བདེན་དོན་གྱི་གནས་ལུགས་ལས་རྙེད་པའི་ནང་བསྟན་འདི་ལ་སྙིང་ནས་བཟོད་གསོལ་དང་སྦྲགས་མགོ་བཏགས་ཞུ་ན་མ་གཏོགས་བློ་སྙིང་གཏོད་སའི་གནས་ལུགས་ཡང་དག་ཅིག་འཇིག་རྟེན་ན་ཕལ་ཆེར་རྙེད་དཀའ་བའི་ཚད་དུ་གདའ། དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། སྟོང་པ་ཉིད་ལ་ལྟ་ཉེས་ན།། ཤེས་རབ་ཆུང་རྣམས་ཕུང་བ་འགྱུར།། ཞེས་གསུངས་པ་བཞིན་ཚིག་ཁ་གཞན་དུ་ཅུང་བསྒྱུར་ན་ཁྱོད་ཚོ་ཡང་། ལས་འབྲས་གནས་ལ་ལྟ་ཉེས་ན།། བསོད་ནམས་ཆུང་རྣམས་ཕུང་བར་འགྱུར།།བ་མ་ཡིན་ནམ། གཞན་ཡང་སྨྲས་པ། དཔྱད་ཤེས་རྒྱང་འབོད་མིན་པར།། དཔྱད་ཤེས་རྒྱང་འབུད་རེད་འདུག། དཔྱད་ཤེས་མེད་པའི་ལོག་བཤད།། དཔྱད་པ་དགོས་ཡ་མེད་མོད།། སྤྱོད་པ་མེད་པའི་མི་ལ།། ལོག་བཤད་ཉེས་བཤད་གང་ཡིན།། གསལ་བཤད་ཙམ་ཞིག་བྱས་ཡོད།། ཅེས་གནས་སྐབས་དུས་ཚོད་ཀྱི་དབང་གིས་དེ་ཙམ་དུ་མཇུག་བསྡུས་པའོ།། །།

ཞོར་དུ་ཞོགས་དུང་གི་རྗེས་འཇུག་རིགས་མཐུན་ཀུན་ལའང་ཅུང་གོ་བར་འཚལ་ཞེས་ཞུ་འདོད་པ་དེའོ།།