རྫ་ཆུ་ཁའི་སེར་ཤུལ་འབྲོག་སྡེ་སོགས་སུ་གངས་སྐྱོན།

ཟླ་འདིའི་ཚེས་ ༡༡ ཉིན་བོད་ནས་ཁ་པར་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར། ལོ་འདིའི་དགུན་དུས་སུ་བོད་མདོ་ཁམས་རྫ་ཆུ་ཁའི་ས་གནས་སོགས་སུ་གངས་སྐྱོན་གྱི་གོད་ཆག་ཆེན་པོ་བྱུང་འདུག

དེའི་ནང་ནས་སེར་ཤུལ་སྡེ་གཞུང་མ་ཡུལ་ཚོ་དང་སེར་ཤུལ་དབུ་སྟོད་མ་ཡུལ་ཚོ་གཉིས་ཀྱི་འབྲོག་སྡེ་ཁག་གཉིས་སུ་དམིགས་བསལ་གྱིས་གངས་སྐྱོན་ཆེན་པོ་ཐེབས་ཏེ། འབྲོག་པའི་འཚོ་བའི་རྟེན་གཞི་སྒོ་ཕྱུགས་སེམས་ཅན་དུས་གཅིག་ཏུ་སྡེབ་ཤི་བརྒྱབ་ནས། ས་གནས་འབྲོག་པ་ཚོར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད་འདུག

དེ་བཞིན་གསར་འགོད་པས་བོད་དུ་ཁ་པར་གཏོང་སྐབས་ལོ་ན་བདུན་ཅུ་ཙམ་ལ་སླེབས་པའི་ས་གནས་འབྲོག་སྡེའི་ལས་བྱེད་ཟུར་པ་མིང་བརྗོད་འདོད་མེད་པ་ཞིག་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། ད་ལོའི་གངས་ཆེན་འདི་ལྟ་བུ་ཞིག་ངའི་མི་ཚེ་གང་ལ་འབབ་མྱོང་ཡོད་པ་མ་རེད་ལ། ལོ་རྒྱུས་ཀྱང་གོ་མྱོང་མེད་ཟེར། འབྲོག་སྡེའི་ནང་ནས་སྔར་སྒོག་ཟོག་ཉིས་བརྒྱ་སུམ་བརྒྱ་ཡོད་མཁན་ཚོར་ད་ལྟ་བཅུ་ཉི་ཤུ་ཡས་མས་ལས་ལྷག་མེད་འདུག འབྲོག་པ་རེ་བཟུང་གིས་སྒོ་ཕྱུགས་སེམས་ཅན་ལྷག་མ་ཚོ་རླངས་འཁོར་ནང་བཅུག་ནས་ས་གནས་གཞན་ལ་སྐྱེལ་འདྲེན་བྱེད་དགོས་བྱུང་ཡོད་པ་རེད།

དེ་བཞིན་རྒྱ་ནག་གཞང་གིས་རོགས་ཆེན་པོ་མེད་པ་དང་། ཕྱོགས་ཁག་ནས་བོད་མི་རོགས་སྐྱོར་ལ་ཡོང་མཁན་ཚོ་རྒྱ་ནག་གཞུང་གིས་བཀག་འགོག་བྱས་ཡོད་འདུག

ཡང་གསར་འགོད་པས་སེར་ཤུལ་དབུ་སྟོད་མའི་འབྲོག་མི་ཞིག་ལ་གནས་ཚུལ་དྲིས་པར་ཁོས་བཤད་དོན། གངས་སྐྱོན་དེ་ཉིན་འགའ་ཤས་ནང་བབས་པ་ཞིག་མ་རེད། ད་ལོའི་དགུན་དུས་ནས་འགོ་བཙུགས་ཏེ་རྟག་པར་འབབ་ཀྱི་འདུག ད་ལྟ་གངས་ཞུ་མ་ཐུབ་ནས་དཀའ་ངལ་འདི་འཕྲད་པ་རེད། ད་ལྟ་སྒོ་ཕྱུགས་ཤི་བ་མང་དྲགས་ནས་ཀོ་བ་དང་ལྤགས་པ་སོགས་བཤུ་ཐུབ་ཐབས་མི་འདུག ས་གནས་གཞུང་གིས་ངོས་ནས་རྡོ་སོལ་དང་རྩ་སོག་མ་དེ་འདྲ་རླངས་འཁོར་འགའ་ཤས་ཁྱེར་ཡོང་སོང་། ཡིན་ནའང་འབྲོག་ཁྱིམ་རེ་ལ་རྩ་རེ་ཆུང་ཆུང་རེ་ལས་མི་འདུག དེའི་དཀའ་ངལ་སེལ་ཐུབ་མི་འདུག སེར་ཤུལ་དགོན་པའི་ནང་ལ་ཕྱོགས་མཐའ་གང་ས་ནས་སློབ་གཉེར་ལ་ཕེབས་ཡོང་བའི་དགེ་འདུན་པ་ཚོས་སོ་སོའི་ཕ་ཡུལ་ལ་ཁ་པར་བརྒྱབ་ནས་གངས་སྐྱོན་ལ་རོགས་པ་དགོས་སྐོར་བརྗོད་པ་དང་། ཕྱོགས་མཐའི་གྲྭ་རྒྱུན་རྣམས་ཀྱི་ཕ་ཡུལ་སོ་སོ་ནས་ཀྱང་རོགས་སྐྱོར་བྱེད་འདོད་ཆེན་པོའི་ཐོག་རྩ་དང་འབུད་ཤིང་སོགས་བསྐྱལ་ཡོང་སྐབས། ས་གནས་རྒྱ་གཞུང་གིས་བོད་པའི་བོད་ལ་རོགས་སྐྱོར་བྱས་ན་ཁྲིམས་འགལ་ཆགས་ཡོད་པ་རེད་ཅེས་བཀག་འགོག་བྱེད་ཀྱི་འདུག་འགྲེལ་བརྗོད་བྱས་སོང་།

དེ་བཞིན་འབྲེལ་ཡོད་བླ་མ་དང་མཁན་པོ་དེ་འདྲས་རྩ་དང་སོག་མ་ཉོས་ནས་ཡོང་འདུག་ཀྱང་དེ་ཚོ་ཡང་རྒྱ་ནག་གཞུང་གིས་བཀག་འགོག་བྱས་ཡོད་འདུག
གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས་ཨོ་སུ་ཁྲི་ལི་ཡའི་སི་ཌི་ནེས་གྲོང་ཁྱེར་ནས། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༣ ལ།།